ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ས་གནས་ཁག་གིས་དུས་སྟོན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་མཉམ་དུ་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱས་པ་དང་། འཛད་སྤྱོད་ཁྲོམ་རར་ཡང་དཔྱིད་གསར་དུས་ཆེན་གྱི་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཡོད།
ལྒང་བཞུའི་མཛེས་ལྗོངས་ལ་རོལ་ནས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱས་པ།
ཟླ་དང་པོའི་ཚེས་བཅོ་ལྔའི་ཞོགས་པར། ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཁྲུང་རེན་རྫོང་དུ་མངོན་མིན་རིག་གནས་ཤུལ་གཞག་གི་རྒྱུན་འཛིན་པ་ཧྥང་ཡུང་པེའོ་ཡིས་རུ་མི་ཚོ་དང་མཉམ་དུ་རྐུབ་སྟེགས་འབྲུག་རྩེད་རྩེ་བཞིན་ཁྲོམ་གཞུང་དུ་སྐོར་འཁྲབ་བྱེད་པར་བསྐྱོད་ཅིང་། འབྲུག་དར་ལྷབ་ལྷུབ་ཏུ་གཡོ་ཞིང་རྔ་སྒྲ་ལྷང་ལྷང་དུ་གྲགས་པས་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ། མཚན་མོ་འཆར་སྐབས་ཁྲུང་རེན་གཙང་པོའི་འགྲམ་གྱི་ཧོང་ཀྲོའུ་ཟམ་པའི་མཚན་ཁྲོམ་དུ་མི་ཚོགས་ཀྱིས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་པ་མ་ཟད། ཞིམ་ཟས་འདྲ་མིན་སྣ་ཚོགས་ལས་དྲི་ཞིམ་ལྷམ་ལྷམ་དུ་འཐུལ་བ་དང་། མི་རྣམས་ཀྱིས་ལྒང་བཞུའི་གབ་ཚིག་ཚོད་དཔག་བྱེད་ཀྱིན་ཐང་ཡོན་ཟ་བ་བཅས་ལས་དུས་ཆེན་དགའ་གཏོང་གི་དགའ་སྤྲོའི་རྣམ་པ་ཞིག་མངོན།
ཤིན་ཅང་ཐ་ཁྲེང་ས་ཁུལ་ཝུའུ་སུའུ་གྲོང་ཁྱེར་དུ་ཤང་དང་གྲོང་རྡལ(ཁྲོམ་གཞུང)22ཀྱི་རྩལ་རྩེད་འཁྲབ་སྟོན་རུ་ཁག་གྲོང་ཁུལ་དུ་འཛོམས་ཏེ་འབྲུག་རྩེད་དང་སེང་རྩེད་སྣ་ཚོགས་བརྩེས་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། བཀྲ་ཤིས་པའི་རྩལ་རྩེད་འཁྲབ་སྟོན་ལས་མི་རིགས་ཁག་གི་མི་དམངས་ཀྱི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ལོ་གསར་གྱི་ཉིན་མཇུག་ཤོས་དགའ་གཏོང་བྱེད་པའི་རྣམ་པ་སྔར་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།
མཚན་མོར་ཧྲང་ཧའེ་ཡི་2024ལོའི་ཡུས་ཡོན་དམངས་སྲོལ་སྒྱུ་རྩལ་གྱི་ལྒང་བཞུའི་འདུ་ཚོགས་སུ་ལྒང་བཞུ་སྟོང་ཕྲག་སྤར་བ་དང་། ལྟེ་བའི་ཐང་ཆེན་དུ“སེར་འབྲུག”ཆེན་པོ་མཁའ་དབྱིངས་སུ་ཅི་དགར་ལྡིང་ཞིང་ཅིའུ་ཆུས་ཟམ་པའི“ཉ་འབྲུག་ཀོང་ཇོའི”ཉམས་འགྱུར་ལྷག་པར་མཛེས། ཆར་ཟིམ་གྱིས་བརླན་པའི་ལམ་ངོས་ནི་མེ་ལོང་ཞིག་དང་གཉིས་སུ་མེད་པར་འོད་མདངས་རྣམ་པར་བཀྲ་བའི་ལྒང་བཞུ་ལྷམ་མེར་གསལ་བཞིན་མཆིས།
སི་ཁྲོན་ཙེ་ཀུང་དུ་ཡུལ་སྐོར་བ་ཁྲི་3ལྷག་ཙམ་གྱིས“ཀྲུང་གོའི་ལྒང་བཞུའི་གྲོང”སྟེ། ཙེ་ཀུང་ཀྲུང་ཧྭའི་ཚོན་ཁྲ་ཅན་གྱི་ལྒང་བཞུའི་འཇིག་རྟེན་དུ་བསྐྱོད་ནས་ཚོན་ཁྲ་ཅན་གྱི་ལྒང་བཞུར་ལྟ་བ་དང་། རིག་རྩལ་འཁྲབ་སྟོན་ལ་མྱོང་རོལ་བྱེད་པ། ནང་མི་མཉམ་འཛོམས་ཀྱི་པར་རྒྱག་པ་བཅས་བྱེད་བཞིན་ཡོད།
གནའ་བོའི་རིག་གནས་ཏེ་ལོ་གསར་གྱི་གོམས་སྲོལ་འཚོ་བ་དངོས་སུ་རྒྱུན་འཛིན་བྱས་པ།
ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་ལུང་རྫོང་རྩལ་རྩེད་ཐང་ཆེན་གྱི་གར་སྟེགས་སུ་འཁྲབ་སྟོན་པ་ཚོས་རྔ་རྡུང་བ་དང་ཞབས་བྲོ་འཁྲབ་ནས་ལོ་གསར་པའི་ཉམས་འགྱུར་གསར་པ་མཚོན་པའི་ཁར། རྩལ་རྩེད་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པས་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་ཁྲི་ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།
ལོ་13ལ་སླེབས་པའི་འཁྲབ་སྟོན་པ་ཝང་ཧྲུའུ་ཡོན་འཁྲབ་སྟོན་ལ་ཞུགས་ཐེངས་དང་པོ་ཡིན་ཞིང་། ཝང་ཧྲུའུ་ཡོན་གྱིས“འདི་ནི་གནའ་ནས་ད་བར་རྒྱུན་འཛིན་བྱས་པའི་ལོ་གསར་གྱི་སྲོལ་རྒྱུན་བྱེད་སྒོ་ཞིག་ཡིན་པས་སྨོན་འདུན་བཟང་པོ་མཚོན་གྱི་ཡོད། རང་ཉིད་ཀྱང་འཁྲབ་སྟོན་ཚོགས་པའི་ཁོངས་མི་ཞིག་ཏུ་གྱུར་བར་ཧ་ཅང་དགའ་པོ་བྱུང་། ཕྱིན་ཆད་རྩལ་རྩེད་སྒྱུ་རྩལ་གྱི་རིག་གནས་རྒྱུན་འཛིན་ཧུར་ཐག་བྱེད་ཀྱི་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
ཧྲང་ཧའེ་ཡི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དང་རྣམ་གྲངས་ཀྱིས་གྲོང་མི་དང་ཡུལ་སྐོར་བར་ཐག་ཉེ་སར་ཉམས་ལེན་བྱེད་པའི་གོ་སྐབས་བསྐྲུན་པ་སྟེ། ཧྲང་ཧའེ་ཡིས་གྲོང་ཁྱེར་ཡོངས་སུ་ཁྱབ་པའི“འབྲུག་འཚོལ་ཟིན་ཐོའི”བྱེད་སྒོ་སྤེལ་ཞིང་། གཙོ་བོ་ཚོང་ཁང་དང་། རིག་གནས་འགྲེམས་ཁང་། མཛེས་ལྗོངས་ཁུལ། སྤྱི་གླིང་། ས་འོག་ལྕགས་ལམ་ས་ཚིགས། ཧོང་ཕུའུ་གཙང་པོའི་གྲུ་གཟིངས་སོགས་ཀྱི་བར་མཐོངས་སུ་འབྲུག་ལོའི་དཔྱིད་གསར་དུས་ཆེན་གྱི་སྒྲིག་ཆས་སམ་ཡང་ན་མཉམ་འགུལ་བྱེད་སྒོ་ཁྱོན་260ལྷག་ཙམ་སྤེལ་ནས་མི་རྣམས་ལ་པར་རྒྱག་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལ་ཉམས་ལེན་བྱེད་དུ་བཅུག་ཡོད།
ས་གནས་ཁག་གི་དང་པོའི་བཅོ་ལྔའི་དུས་ཆེན་དང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་ཧྲིལ་པོར་བལྟས་ན། གཞོན་ནུ་དེ་བས་མང་བ་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོར་ཞུགས་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཉམས་ལེན་བྱེད་མཁན་དང་། དེའི་ནང་ཞུགས་མཁན། རྒྱུན་འཛིན་མཁན་བཅས་དེ་བས་མང་བའི་ཡིད་དབང་བཀུག་ཡོད།
དུས་སྟོན་མཛད་སྒོར་མི་ཚོགས་ཀྱིས་ཁེངས་ནས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱས་པ།
དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོར་ས་གནས་ཁག་གི་མི་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད། ཧྲང་ཧའེ་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ནས་འཛད་སྤྱོད་པས་ཅ་དངོས་འཁྱོག་ཚད་ཉོས་ཤིང་། དེའི་ནང་ཤིང་འབྲས་སྣ་ཚོགས་དང་སྔོ་ཚལ་སོས་པ་ཡོད་ལ། ད་དུང་ཁ་དོག་དང་བཟོ་དབྱིབས་མི་འདྲ་བའི་ཐང་ཡོན་ཡང་ཡོད། ཧྲང་ཧའེ་ཧའེ་ཁྲང་རྒྱ་མཚོའི་སྤྲོ་སྐྱིད་གླིང་དང་ཧྲང་ཧའེ་སྤྲོ་སྐྱིད་ལུང་ཤུར་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཡོད་པ་དང་། ཁྱད་ལྡན་གསོལ་མགྲོན་ཁང་ཁག་གཅིག་གི་གཞུང་ཕྱོགས་དྲ་ཚིགས་ནས་ཁང་པ་མངགས་ན་དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྔ་རྗེས་སུ་ཁང་པ་དཀོན་པོ་ཡོད་པ་རེད།
ས་གནས་ཁག་གི་མང་ཚོགས་ཀྱིས་ཚོགས་མཆོད་ལ་ལྟ་བ་དང་། ལྒང་བཞུར་ལྟ་བ། མཚན་ཁྲོམ་སྐོར་བ་སོགས་ལ་བརྟེན་ནས། ཉེ་འཁོར་དུ་ཡུལ་སྐོར་དང་ཐག་ཉེ་སར་ཡུལ་སྐོར་བྱེད་པའི་ཚ་རླབས་ཤིག་འཕྱུར་བས་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཚུན་དུ་འཛད་སྤྱོད་བྱེད་ཤུགས་ཆེན་པོ་ཡོད།
སི་ཁྲོན་ཙེ་ཀུང་གིས་ཧྥུའུ་ཧྲུན་སྲན་མའི་མེ་ཏོག་གི་རིག་གནས་ཡུལ་སྐོར་དུས་ཚིགས་དང“མཚན་མོར་ཧྥུའུ་ཤིས་གཙང་པོ་སྐོར་བ”སོགས་དམངས་སྲོལ་རིག་གནས་བྱེད་སྒོ་ཁྱབ་གདལ་བཏང་བར་མང་ཚོགས་མི་ཐེངས་ཁྲི་112ལྷག་ཙམ་ཞུགས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་2ཉིན་སྒོ་ཕྱེ་བ་ནས་ད་བར་ཙི་ཀུང་ཀྲུང་ཧྭའི་ཚོན་ཁྲ་ཅན་གྱི་ལྒང་བཞུའི་འཇིག་རྟེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་85ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་24.5%འཕར་བ་དང་། སྒོ་འཛིན་ཡོང་འབབ་སྒོར་ཁྲི་9000ལས་བརྒལ་བ་དེ་དུས་མཚུངས་ལས་7%ལྷག་ཙམ་འཕར་ཡོད་པ་རེད།
འཁྲུག་ཆ་དོད་པའི་དུས་ཆེན་ལས་ད་དུང་མང་ཚོགས་མི་ཉུང་བར་ཁ་ཡོད་ལག་ཡོད་ཀྱི་ཡོང་འབབ་ཡག་པོ་བྱུང་བ་རེད། དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་ཤིན་ཅང་ཝུའུ་སུའུ་གྲོང་ཁྱེར་ཀན་ཧོ་ཙེ་གྲོང་རྡལ་ཝང་ཤང་ཀྲོང་ཙེ་གྲོང་ཚོའི་གྲོང་མིས་ཤིན་ཅང་གི་ཁྱད་ལྡན་དར་གོས་རྒྱུ་ཆར་བྱས་ཏེ་ལག་བཟོས་འབྲུག་10བཟོས་པའི་ནང་ནས་8རྫོང་དང་གྲོང་ཁྱེར་གཞན་དག་དང་ཤང་དང་གྲོང་རྡལ་དུ་བཙོངས་པར་འབྲུག་རེར་ཡོང་འབབ་སྒོར་8000ཙམ་བྱུང་བ་རེད། (སྐལ་མཆོག་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)