《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月26日

ཕྱི་འབྲེལ་པུས་བསྟན་དོན།

རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱེད་པར་མུ་མཐུད་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ལོ་གསར་པའི་ནང་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། ཕྱི་འབྲེལ་པུས་ཀྱང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱེད་པར་མུ་མཐུད་མཐུན་རྐྱེན་སྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་རེད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། 2023ལོར་ཀྲུང་གོའི་གྲོང་ཁྱེར་20ལྷག་ཙམ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་མི་ཉུང་བ་ཞིག་གི་དཔལ་འབྱོར་སྤྱི་འབོར་དེ་རྒྱལ་ཁབ་འབྲིང་ཆུང་ཁ་ཤས་དང་མཚུངས་ཀྱི་ཡོད། ཀྲུང་གོའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པས། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་འཛམ་གླིང་གིས“པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ”བཅས་ཕུད་པའི་ཀྲུང་གོའི་ས་གནས་ཁག་ལ་ཤེས་རྟོགས་ཐུབ་པ་བྱས་ནས། ཀྲུང་གོ་ཤེས་རྟོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ཕྱི་འབྲེལ་པུས་ནུས་པ་གང་ཞིག་འདོན་རྩིས་ཡོད་དམ་ཞེས་དྲིས།

མའོ་ཉིང་གིས་2023ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ཁྲོད་GDPདུང་ཕྱུར་ཁྲི་ཟིན་པའི་གྲོང་ཁྱེར་24ནས་26བར་མང་དུ་ཕྱིན་ཡོད། ས་གནས་དཔལ་འབྱོར་གྱི“ཆུ་རྒྱུན”ལས་ཐུན་མོང་ཐོག་ཀྲུང་གོའི་དཔལ་འབྱོར་གྱི“རྒྱ་མཚོ”འདུས་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཀྱང་མངོན་ཡོད་ཅེས་བརྗོད།

མའོ་ཉིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཕྱི་འབྲེལ་པུས་ཧྲའན་ཤིས་དང་། སི་ཁྲོན། ཀྲེ་ཅང་། ཧྲང་ཧའེ། ཧའེ་ནན་སོགས་སུ་ཕྱི་འབྲེལ་ཕྱི་ཕྱོགས་དང་འབྲེལ་བའི་བྱེད་སྒོ་གཙོ་གཉེར་བྱས་ནས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་མང་པོ་ཞིག་ཀྲུང་གོར་འཚམས་འདྲི་བྱེད་རིང་ཀྲུང་གོའི་ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དུ་གདན་ཞུ་བྱས་པས། ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་རུ་བཏང་ཡོད། ས་ཁོངས་ཀྱི་ལམ་སྲོལ་ལ་བརྟེན་ནས་མཉམ་ལས་ལས་སྟེགས་བཏོད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་བཅས་ཞིང་ཆེན་དང་གྲོང་ཁྱེར་མང་པོ་དང་བྱས་ནས། དཔལ་འབྱོར་ཚོང་དོན་དང་། ཐོན་ལས། ལྗང་མདོག མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རམ་འདེགས་བྱས་ཡོད། “ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ས་གནས་སུ་སྐྱོད་པ”སོགས་ཀྱི་བྱེད་སྒོ་བརྒྱུད། ས་གནས་ཀྱི་ཐོན་ལས་གལ་ཆེན་དང་རྒྱལ་སྤྱིའི་སྦྲེལ་མཐུད་ལ་ཐབས་ལམ་གསར་པ་བཏོད་ཡོད་ཅེས་བརྗོད་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། སྐལ་མཆོག་གིས་ཞུས)