ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། འབྲུ་རིགས་ཀྱི་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད། ལོ་རྒྱུས་རིག་གནས་མཐའ་ཚད་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་རང་རྒྱལ་གྱིས་གྲོང་གསེབ་ཀྱི་འཆར་འགོད་ལག་བསྟར་གྱི“ཞིང་པས་གཙོ་ཁྲིད”བྱེད་པའི་ཁྱད་ཆོས་ཁ་གསལ་བཏོན་པ་དང་འབྲེལ“འཆར་མང་གཅིག་སྒྲིལ”གྱི་སྒྱུར་བཅོས་ཁ་ཕྱོགས་མཐའ་འཁྱོངས་བྱས་ཡོད།
རང་བྱུང་ཐོན་ཁུངས་པུའི་རྒྱལ་ཁབ་ས་ཆ་བར་མཐོངས་འཆར་འགོད་ཅུས་ཀྱི་ཅུས་ཀྲང་ཀྲང་པིང་གིས་ཚེས་22ཉིན་སྨྱན་སྦྱོར་བཞུགས་མོལ་ཚོགས་འདུའི་ཐོག 2024ལོའི་ཀྲུང་དབྱང་གི་ཡིག་ཨང་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཉེ་ཆར་མཉམ་དུ《“ལས་གྲྭ་ཁྲི་སྟོང”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་དེ་གྲོང་གསེབ་ཀྱི་འཆར་འགོད་སྒྲིག་བཟོའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ། རྫོང་ཁོངས་རིམ་པའི་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཆར་འགོད་སྒྲིག་བཟོའི་གྲུབ་འབྲས་དང་སྤུས་ཚད་མཐོ་རུ་གཏོང་བ། ས་ཞིང་དང་སྲིད་ཇུས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པ་དང་ཞིང་པ་རྒྱ་ཁྱབ་ངང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཏེ། གྲོང་གསེབ་ཀྱི་འཆར་འགོད་སྒྲིག་བཟོའི་ལས་དོན་ཁྲོད་གནས་པའི“ཕྱོགས་ཡོངས་ལ་ཁྱབ་རྒྱུ”ཁོ་ན་བརྩོན་ལེན་བྱེད་པ་དང་། ཕན་འབྲས་དང་སྤུས་ཚད་མཐོ་པོ་མེད་པ། དངོས་ཕན་རང་བཞིན་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་ཅེས་བརྗོད་པ་རེད།
ཀྲང་པིང་གིས་བརྗོད་དོན། གྲོང་གསེབ་ཀྱི་འཆར་འགོད་དེ་གྲོང་ཁྱེར་གྱི་འཆར་འགོད་དང་མི་འདྲ་བར་གྲོང་གསེབ་ཀྱི་འཆར་འགོད་ལག་བསྟར་བྱེད་པ་ནི་ཞིང་པས་གཙོ་ཁྲིད་བྱེད་པ་དང་། གྲོང་ཁྱེར་གྱི་འཆར་འགོད་ལག་བསྟར་བྱེད་པ་ནི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་ཞིག་ཡིན་པས། འཆར་འགོད་ལག་བསྟར་བྱེད་སྐབས་གྲོང་མིའི་འདོད་བློ་དང་བསྟུན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཅའ་ཁྲིམས་ནང་དུའང་ཞིང་པ་འཆར་འགོད་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པའི་ཞིབ་ཕྲའི་བླང་བྱ་གཏན་འབེབས་བྱས་ཡོད་པས། ཞིང་པ་རྣམས་གྲོང་གསེབ་ཀྱི་འཆར་འགོད་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པའི་གལ་ཆེའི་རང་བཞིན་མངོན་གྱི་ཡོད། རང་བྱུང་ཐོན་ཁུངས་པུའུ་ཡིས་གྲོང་གསེབ་ཀྱི་འཆར་འགོད་བཟོ་བའི་བརྒྱུད་རིམ་ཁྲོད་གྲོང་མིའི་བྱེད་པོ་དང་། གྲོང་ཚོའི་ཏང་རྩ་འཛུགས། གྲོང་མི་ཨུ་ཡོན་ལྷན་ཁང་གི་གཙོ་ཁྲིད་ནུས་པ་བཅས་ཆེ་རུ་གཏོང་དགོས་པ་དང་ཞིང་པ་དེའི་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་ཀྱང་བྱས་ཡོད།
“ཞིང་པ་སྐུལ་སློང་བྱས་ནས་ཞུགས་པ་དང་། ཆེད་ལས་ལག་རྩལ་པ་འཇོན་ཐང་ལྡན་པ་བྱེད་པ། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་གི་འཆར་འགོད་བཟོ་བ་བཅས་ཟུང་དུ་འབྲེལ་བའི”བསམ་ཕྱོགས་གཞིར་བཟུང་། རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་གིས་ཞིང་པས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ“འཆར་མང་གཅིག་སྒྲིལ”གྱི་གྲོང་གསེབ་ཀྱི་འཆར་འགོད་དང་། གྲོང་གསེབ་ཀྱི་ཐོན་ལས་འཆར་འགོད། ཡུལ་སྐོར་འཆར་འགོད། གྲོང་གསེབ་དར་རྒྱས་ཀྱི་འཆར་འགོད། རིག་གནས་བསམ་བཀོད་ཐོན་རྫས་ཀྱི་འཆར་འགོད་སོགས་ཀྱི་དབྱེ་བ་གསལ་པོ་བརྗོད་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གྲོང་མི་རྣམས་གྲོང་གསེབ་ཀྱི་འཆར་འགོད་སྒྲིག་བཟོའི་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ། ཕྱིར་གླ་པར་སྐྱོད་མཁན་སོགས་ལ་ཐབས་དང་ཇུས་འདོན་རྒྱུའི་ཁྲིད་སྟོན་བྱེད་པ། གྲོང་གསེབ་ཀྱི་འགན་འཁྲིའི་འཆར་འགོད་ལམ་ལུགས་བཟོས་ནས་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
སྡེ་ཚན་གཉིས་ཀྱིས་གྲོང་ཚོའི་འཆར་འགོད་ཐད་རྨོ་ཞིང་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་སྲུང་བ་དང་། ལོ་རྒྱུས་སྲུང་སྐྱོང་གི་མཐའ་ཚད་སྲུང་བ། ས་ཆ་གྲོན་ཆུང་དང་ས་བེད་ལེགས་སྤྱོད་ཀྱི་མཐའ་ཚད་སྲུང་བ་བཅས་བྱས་ནས། དངོས་ཐོག་བདེན་འཚོལ་ངང་གྲོང་ཚོའི་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
(བསོད་བདེ་གཞོན་པས་བསྒྱུར། པ་ཕན་གྱིས་ཞུས)