《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月25日

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

2023ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། 《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་2023ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། ཕྱི་རྒྱལ་གྱི་མ་དངུལ་བསྡུ་འགུག་དེ་བས་ཆེ་རུ་གཏོང་བ་དང་བེད་སྤྱོད་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་གནང་བ། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་གནང་བ། 《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཆུ་གྲོན་ཆུང་གི་སྲོལ་ཡིག(འཆར་ཟིན)》 《སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྲོལ་ཡིག(འཆར་ཟིན)》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག(འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོས་འགོ་དང་གྲོས་གཞི་ཡག་པོ་སྒྲུབ་པ་ནི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་ལག་བསྟར་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་གྱིས་ན་ནིང་སྒྲུབ་འགན་འཁུར་བའི་གྲོས་འགོ་དང་གྲོས་གཞི་ཚང་མ་དུས་ཐོག་ཏུ་བསྒྲུབས་ཟིན་པ་དང་། འབྲེལ་ཡོད་ཁྱབ་ཁོངས་སུ་སྲིད་ཇུས་དང་བྱེད་ཐབས་ཁག་2000ལྷག་ཙམ་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཁག་ཅིག་ཐག་གཅོད་བྱས་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་གྲབས་ཡོད་པས་ད་ལོའི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་། སྒྲུབ་གཉེར་རྩིས་སྤྲོད་རྩིས་ལེན་དང་སྒྲུབ་སྐུལ་དཔྱད་ཞིབ་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་དང་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་དེ་བས་ཆེ་བ་རྒྱག་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཕྱོཌ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་སྤྱི་ཡོངས་ནས་ཞི་ལྷོད་དུ་ཕྱིན་ཏེ་དུས་མཚམས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ་དང་། ལེ་ལག་ཚང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ངང་འགག་གནད་ལས་སྒྲོལ་བ་དང་དེར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བུ་ལོན་གྱི་ཇུས་གཞི་ཆ་ཚང་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྔར་བས་སྐུལ་འདེད་གཏོང་དགོས། འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེ་རིང་ཟུང་འབྲེལ། རྩ་ལག་མཉམ་བཅོས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་གཞུང་གི་བུ་ལོན་དོ་དམ་ལམ་སྲོལ་གང་མགྱོགས་བཙུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་རིམ་བཞིན་སེལ་དགོས།

ཚོགས་འདུའི་ཐོག《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། རྒན་རྒོན་དང་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཀྲུང་གོར་ཡོང་མཁན་སོགས་ཚོགས་སྤྱིའི་གཏོང་སྤྲོད་སྟབས་བདེ་མེད་པའི་གནད་དོན་ལ་དམིགས་ཏེ། མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དགོས་ངེས་ཀྱི་ཐོན་ཁུངས་གཏོང་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་མཉམ་སྤྱོད་ཀྱིས་ཞབས་ཞུའི་འགག་གནད་སེལ་བ་བཅས་བྱས་ཏེ་སྒུལ་བདེའི་གཏོང་སྤྲོད་དང་། དངུལ་ཁང་གི་གཱ དངུལ་སྨར་སོགས་གཏོང་སྤྲོད་བྱེད་སྟངས་སྣ་ཚོགས་མཉམ་དུ་འཕེལ་རྒྱས་དང་ཕན་ཚུན་ཁ་གསབ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག《ཆུ་གྲོན་ཆུང་གི་སྲོལ་ཡིག(འཆར་ཟིན)》དང་། 《སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྲོལ་ཡིག(འཆར་ཟིན)》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག(འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)