《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月25日

ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་ཚབ་གསར་བརྗེས་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོཌ་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ནུས་ལྡན་གཏོང་དགོས།

ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་23ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་སྟེ། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་ཚབ་གསར་བརྗེས་ཀྱི་གནད་དོན་གསར་པར་ཞིབ་འཇུག་དང་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ནུས་ལྡན་གཏོང་བའི་སྐོར་གྱི་གནད་དོན་ལ་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཐོན་རྫས་གསར་སྒྱུར་གསར་འདོན་མགྱོགས་མྱུར་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་ཚབ་གསར་བརྗེས་བྱེད་པར་སྐུལ་འདེབས་དང་ཁྲིད་སྟོན་བྱེད་དགོས། ཟོག་འགྲེམས་ནི་དངོས་ཚན་དཔལ་འབྱོར་གྱི“ཁྲག་རྩ”ལྟ་བུ་ཡིན་པས་ཐོན་སྐྱེད་དང་འཛད་སྤྱོད་དང་། ནང་ཁུལ་ཚོང་དོན་དང་ཕྱི་ཕྱོགས་ཚོང་དོན་སྦྲེལ་མཐུད་བྱེད་པར་ངེས་པར་དུ་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ནུས་ལྡན་བཏང་ནས་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཁོར་སྐྱོད་ལས་ཕྱོད་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་ཚབ་གསར་བརྗེས་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚོང་དོན་པུའུ། བཟོ་འཕྲིན་པུའུ་བཅས་ཀྱི་སྙན་སེང་གསན་པ་དང་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ་བཅས་ཀྱི་སྙན་སེང་གསན་པ་རེད། སྡོད་ཁང་འཛུགས་སྐྲུན་པུའུ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་ཁབ་ལྕགས་ལམ་ཚོགས་པ་བཅས་ཀྱིས་ཡིག་ཐོག་ནས་སྙན་སེང་ཞུས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་ཚབ་གསར་བརྗེས་བྱས་ན། མ་འཇོག་དང་འཛད་སྤྱོད་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན་པས་མིག་སྔར་ཕན་འབྲས་ཐོན་ཐུབ་ལ། ཕུགས་ལ་དེ་བས་ཀྱང་ཕན་འབྲས་ཐོན་ཐུབ་ངེས་རེད། སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་ཡག་པོ་སྤྱད་དེ་སྔོན་ཐོན་གྱི་ཐོན་ནུས་བསྡུར་ཚད་རྒྱུན་མཐུད་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། སྤུས་ཀ་ལེགས་ཤིང་སྤྱོད་ཤན་ཆེ་བའི་འཛད་རྫས་དེ་བས་མང་བ་གྲོང་མིའི་འཚོ་བའི་ནང་སྤྱོད་ཐུབ་པ། ཐོན་ཁུངས་རྙིང་ཧྲུལ་རྒྱུན་འཁོར་བེད་སྤྱོད་གཏོང་ཐུབ་པ་བཅས་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་གྱི་རྒྱུན་འཁོར་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། ཁྲོམ་ར་གཙོ་བོར་འཛིན་པ་དང་སྲིད་གཞུང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་། སྔོན་ཐོན་ལ་སྐུལ་འདེབས་དང་རྗེས་ལུས་འདོར་རྒྱུ་མཐའ་འཁྱོངས། ཚད་གཞིར་བརྟེན་ནས་སྣེ་ཁྲིད་དང་གོ་རིམ་ལྟར་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཐོན་སྐྱེད་སྒྲིག་ཆས་དང་ཞབས་ཞུའི་སྒྲིག་ཆས་སྣ་ཚོགས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་སྲོལ་རྒྱུན་གྱི་འཛད་རྫས་རྙིང་ཚབ་གསར་བརྗེས་ལ་སྐུལ་འདེབས་བྱེད་པ། སྤྱོད་ཤན་ཆེ་བའི་འཛད་རྫས་རྙིང་ཚབ་གསར་བརྗེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཞི་ཁྱོན་ཆེན་པོས་ཚུར་བསྡུ་རྒྱུན་འཁོར་བེད་སྤྱོད་ལ་སྐུལ་མ་བཏང་ནས“གསར་བརྗེས+ཚུར་བསྡུའི”ཟོག་འགྲེམས་མ་ལག་དང་རྣམ་པ་གསར་པའི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས། འཛད་རྫས་རྙིང་ཚབ་གསར་བརྗེས་བྱེད་པར་ཀྲུང་དབྱང་ནོར་སྲིད་དང་ས་གནས་སྲིད་གཞུང་མཉམ་འགུལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཁོར་འབྲེལ་ཧྲིལ་པོའི་ལྷུ་ཚིགས་ཁག་ལ་སྤྱི་འདོམས་རྒྱབ་སྐྱོར་བྱས་ཏེ་འཛད་སྤྱོད་པར་ཕན་པ་དེ་བས་མང་པོ་ཐོབ་པ་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་རྒྱུ་ནི་དཔལ་འབྱོར་འཁོར་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་དངོས་ཚན་དཔལ་འབྱོར་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ་དང་། གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ནི་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་དེ་ཡིན། ཐབས་ལམ་གཙོ་བོ་ནི་གྲུབ་ཆ་ལེགས་སྒྲིག་དང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྐྱེལ་འདྲེན་མ་གནས་དང་། མཛོད་ཉར་མ་གནས། དོ་དམ་མ་གནས་བཅས་དམའ་རུ་ནུས་ལྡན་གཏོང་རྒྱུ་དེ་རེད། སྐྱེལ་འདྲེན་གྲུབ་ཆ་ལེགས་སྒྲིག་དང་། “གཞུང་ལམ་སྐྱེལ་འདྲེན་ལྕགས་ལམ་སྐྱེལ་འདྲེན་དང་ཆུ་ལམ་སྐྱེལ་འདྲེན་ལ་སྒྱུར་རྒྱུར”ཤུགས་སྣོན། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྒྱུར་བཅོས་ཟབ་གཏོང་བཅས་བྱས་ཏེ་གཅིག་གྱུར་ནུས་ཆེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཟོག་འགྲེམས་ཁྲོམ་ར་ཆགས་པར་བྱེད་དགོས། མ་ལམ་གཙོ་བོ་དང་བགྲོད་ལམ་ཆེན་པོ་ལེགས་སུ་གཏོང་བ་དང་། འགག་གནད་ཤར་གཏོང་བྱེད་པ། དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་སྟེགས་དཔལ་འབྱོར་དང་། ཁ་ལོ་བ་མེད་པའི་སྐྱེལ་འདྲེན་སོགས་ཟུང་དུ་འབྲེལ་བའི་ཟོག་འགྲེམས་བྱེད་སྟངས་གསར་པར་སྐུལ་འདེབས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཟོག་འགྲེམས་ལྟེ་གནས་སྤྱི་འདོམས་འཆར་འགོད་བྱེད་པ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་ཇུས་ལེགས་སུ་གཏོང་བ། མཁའ་འབྲེལ་དཔལ་འབྱོར་དང་མཚོ་འབྲེལ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།

ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

(ལྷ་དབང་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)