འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་དང་པོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་རྒྱལ་སྤྱིའི་འགྲུལ་སྐྱེལ་ཁྲོམ་ར་སླར་གསོ་ཐུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཟླ་དང་པོར་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བསྡོམས་མི་ཐེངས་ཁྲི་5426ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་175ཟིན་པ་དེ་གོང་མཚུངས་དང་བསྡུར་ན་13.5%འཕར་བ་དང་དུས་མཚུངས་ལས་44.6%འཕར་ནས་2019ལོའི་དུས་མཚུངས་ཀྱི་107.9%ཟིན་པ་དང་སླར་གསོ་བྱེད་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་12.1འཕར་ཡོད།
ཟླ་དང་པོར་རྒྱལ་སྤྱིའི་མཁའ་འགྲུལ་དང་། ཤར་ཕྱོགས་མཁའ་འགྲུལ། ལྷོ་ཕྱོགས་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སི་མང་པོ་ཞིག་གིས་སྐྱེལ་འདྲེན་བྱེད་ཤུགས་དང་། འགྲུལ་པ་འཁོར་རྒྱུག་བྱེད་ཚད། སྤ་སེ་ཚོང་ཚད་སོགས་གཉེར་སྐྱོང་གི་འགག་རྩའི་དམིགས་ཚད་མངོན་གསལ་དོད་པོས་ལེགས་སུ་བཏང་ཡོད། རྒྱལ་སྤྱིའི་ཁྲོམ་ར་རིམ་བཞིན་སྒོ་ཕྱེ་བ་དང་བསྟུན། མཁའ་འགྲུལ་ཀུང་སི་མང་པོ་ཞིག་གིས་ཟླ་དང་པོར་མཁའ་ལམ་གསར་གཏོད་དང་། མཁའ་ལམ་སླར་གསོ། མཁའ་ལམ་མང་དུ་བཏང་བས་རྒྱལ་སྤྱིའི་མཁའ་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱང་ཆེས་ཆེར་མང་དུ་སོང་ཡོད།
གཞན་ཡང་། 2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང(ཟླ་2ཚེས་10ནས་17ཉིན་བར)དམངས་སྤྱོད་མཁའ་འགྲུལ་གྱི་ཁྲོམ་ར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བརྟན་པོ་བྱུང་བ་དང་། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་རིམ་རྩིས་བྱས་ན། འགྲུལ་པ་མི་ཐེངས་ཁྲི་1799.2སྐྱེལ་འདྲེན་བྱས་པ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་224.9སྐྱེལ་འདྲེན་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་དམངས་སྤྱོད་མཁའ་འགྲུལ་གྱི་ཚན་པ་ཁག་གིས་ནུས་ཤུགས་ཡོད་རྒུས་དུས་བདེའི་དཔྱིད་གསར་སྐྱེལ་འདྲེན་དང་། སྟབས་བདེའི་དཔྱིད་གསར་སྐྱེལ་འདྲེན། དྲོ་སྐྱིད་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན་བཅས་བཏོད་ནས་རྒྱལ་ཡོངས་ནས་བསྡོམས་དུས་གཏན་གནམ་གྲུ་ཐེངས་གྲངས་ཁྲི་13.7དང་ཉིན་རེར་ཆ་སྙོམས་དུས་གཏན་གནམ་གྲུ་ཐེངས་17117ལ་འགན་ལེན་བྱས་པ་དེ་2019ལོ་ལས་4.9%འཕར་བ་དང་། 2023ལོ་ལས་33.2%འཕར་ཡོད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)