《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月24日

ཕྱི་རྒྱལ་གྱི་དགེ་རྒན་ཆེ་མོ་བ་ཕན་ཝུའེ་ལན་གྱིས་ཞ་མོན་སློབ་ཆེན་དུ་ལོ་36སློབ་ཚན་ཁྲིད་པའི་བདེན་དཔང་།

“ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་གི་ཆོད་སེམས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་འདུག”

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཞའོ་ཡུས།

ཞ་མོན་སློབ་ཆེན་དུ་མི་ཚང་མས“ལའོ་ཕན”ངོ་ཤེས་ཀྱི་ཡོད་ལ། ཁོང་གིས་རང་ཉིད་ལ“ལའོ་ནེ”ཞེས་བརྗོད་ཀྱི་ཡོད།

རི་ལྡེབས་བརྒྱུད་ནས་བྱང་དུ་བསྐྱོད་ཚེ་རི་བོ་ཝུའུ་ལའོ་ཧྥུང་གི་རི་སྐེད་དུ་བསྐྲུན་པའི་ལིང་ཧྥེང་ཐོག་ཁང་ནི་ཞ་མོན་སློབ་ཆེན་དོ་དམ་སློབ་གླིང་གི་ཕྱི་རྒྱལ་གྱི་དགེ་རྒན་ཆེ་མོ་བ་ཕན་ཝུའེ་ལན་གྱི་སྡོད་གནས་རེད། 1988ལོའི་ཟླ་9པར། ཕན་ཝུའེ་ལན་ནང་མི་མཉམ་དུ་ཞ་མོན་དུ་སྤོས་ཏེ་ཞ་མོན་སློབ་ཆེན་གྱི་དགེ་རྒན་ཞིག་ཏུ་གྱུར།

སྐབས་དེ་དུས་ཀྱི་ཡུན་ཏེང་མཚེའུ་ནི་ཤ་མོན་གླིང་ཕྲན་གྱི་དབུས་ནུབ་རྒྱུད་དུ་གནས་པ་དང་ཞ་མོན་སློབ་ཆེན་གྱི་དགེ་རྒན་གྱི་ལས་ཤག་དང་བར་ཐག་སྤྱི་ལེ་5ཙམ་ལས་མེད་ལ། དེའི་ཆུ་སྤུས་ཧ་ཅང་ཞན་པས་ཕན་ཝུའེ་ལན་ལ་བག་ཆགས་ཡག་པོ་བཞག་མེད། ཁོང་གིས“མཚེའུའི་རྒྱུད་དུ་ད་དུང་བཟོ་གྲྭ་མང་པོ་ཞིག་ཡོད་ལ། བཙོག་ཆུ་ཐད་ཀར་མཚེའུ་ཡི་ནང་དུ་འབུད་ཀྱི་ཡོད་པས། ཕྱིར་འགྲོ་སྐབས་མཚེའུ་ཁུལ་དུ་མི་འགྲོ་བར་བསྐོར་ནས་འགྲོ་གི་ཡོད”ཅེས་བཤད།

ཕན་ཝུའེ་ལན་ཞ་མོན་དུ་སླེབས་པའི་ལོ་དེར་ཡུན་ཏེང་མཚེའུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། 1999ལོ་བར། ཕྱོགས་བསྡུས་བཅོས་སྐྱོང་གི་དུས་རིམ་དང་པོ་དང་གཉིས་པའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་། དུས་རིམ་གསུམ་པའི་ལས་གྲྭར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད།

ཡུན་ཏེང་མཚེའུ་ཡི་རྣམ་པར་འགྱུར་ལྡོག་བྱུང་ཞིང་། མཚེའུ་འགྲམ་གྱི་འདབ་ཆགས་ལ་ལྟ་བ་དང་འཆམ་འཆམ་བྱེད་པ་ནི་ཕན་ཝུའེ་ལན་དང་ཁོང་གི་བུ་གཉིས་ཀྱི་གཟའ་མཇུག་གི་དགའ་ཤོས་ཀྱི་བྱེད་སྒོ་ཞིག་རེད། ཁོང་གིས“ངས་མཚེའུ་དྭངས་ཤིང་གཙང་དུ་ཕྱིན་པ་དང་མཚེའུ་འགྲམ་དུ་ཆུ་བྱའང་རིམ་བཞིན་མང་དུ་ཕྱིན་པ་དངོས་སུ་མཐོང་བྱུང”ཞེས་བཤད།

“ཕྱི་རྒྱལ་བར་ཞ་མོན་ལ་ངོས་འཛིན་དེ་བས་ལེགས་པ་བྱེད་དུ་འཇུག་ཐུབ་བམ”བསམ་ཚུལ་དེ་བྱུང་རྗེས་ཕན་ཝུའེ་ལན་གྱིས་ལག་ལེན་བསྟར་འགོ་བརྩམས། ཁོང་གིས་ཡིག་རིས་གཉིས་ལྡན་གྱི་དེབ་ཆུང་ཞིག་རྩོམ་འབྲི་བྱས་ནས། ཕྱི་རྒྱལ་གྱི་གྲོགས་པོ་ཚོར་ཞ་མོན་གྱི“འཚོ་བའི་ཕྱོགས་སྟོན”བྱས་ཤིང་། 2000ལོ་ནས་བཟུང་། ཁོང་གིས《ཡིད་དབང་འཕྲོག་པའི་ཞ་མོན》དང་།《ཡིད་དབང་འཕྲོག་པའི་ཧྥུའུ་ཅན》 《ཡིད་དབང་འཕྲོག་པའི་ཆོན་ཀྲོའུ》 《ཡིད་དབང་འཕྲོག་པའི་ཞ་མོན་སློབ་ཆེན》སོགས་ཀྱི་དཔེ་དེབ་སྔ་རྗེས་སུ་དཔེ་སྐྲུན་བྱས་ནས་མི་དེ་བས་མང་བས་ཞ་མོན་དང་ཧྥུའུ་ཅན་ཤེས་རྟོགས་ཐུབ་པར་བྱས་ཡོད།

དུས་ཡུན་རིང་པོའི་བརྟག་ཞིབ་དང་རྩོམ་འབྲི་བྱས་པ་བརྒྱུད། ཕན་ཝུའེ་ལན་གྱིས་ཞ་མོན་གྱི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་ཤིན་ཏུ་ཆེན་པོ་བྱུང་ཞིང་། ཁོང་གིས“དེ་སྔ་ཚང་མས་ང་ལ‘ཕྱི་རྒྱལ་བ’ཞེས་འབོད་ཀྱི་ཡོད། འོན་ཀྱང་ད་ཆ་ང་ཡུལ་དེ་གའི་མི་ལས་ཀྱང་གནས་དེར་རྒྱུས་མངའ་ཆེ་བ་ཡོད་པས་ངའི་བསམ་པར་ང་ནི་ཡུལ་དེ་གའི་མི་ཡིན་བསམ་གྱི་འདུག”ཅེས་བཤད།

“ད་ཆའི་ཞ་མོན་ནི‘མཚོ་ཐོག་གི་མེ་ཏོག་ལྡུམ་རའི་གྲོང་ཁྱེར’ཞིག་ཡིན་ཞིང་། ཤར་ནུབ་འབྲེལ་མཐུད་དང་། ལོ་རྒྱུས་དང་འབྱུང་འགྱུར་འབྲེལ་མཐུད། མི་ཆོས་རིག་གནས་དང་རང་བྱུང་ཁམས་མཉམ་འདྲེས་བཅས་ཐུབ་ཡོད” 2002ལོའི་ཟླ་10པར། ཕན་ཝུའེ་ལན་ཞ་མོན་གྲོང་ཁྱེར་གྱི་མགྲིན་ཚབ་པ་ཡིན་པའི་ངོས་ནས། འཇར་མན་གྱི་སི་ཐུའུ་ཅཱ་ཐེར་ཞ་མོན་བ་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་བརྩེ་སེམས་ཟབ་མོས་བརྗོད་དེ། ཞ་མོན་འདི་ཉིད་གོ་ལ་ཧྲིལ་པོའི་གྲོང་ཁྱེར་40ལྷག་ཙམ་ནས་འབུར་དུ་ཐོན་པར་རམ་འདེགས་བྱས་པས། རྒྱལ་སྤྱིའི་མེ་ཏོག་ལྡུམ་རའི་གྲོང་ཁྱེར་གྱི་གསེར་གྱི་བྱ་དགའ་ཐོབ། “དེ་ནི་ཞ་མོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་མི་ཆོས་རིག་གནས་འཕེལ་རྒྱས་ཕན་ཚུན་མཐུན་སྦྱོར་བྱུང་བར་ཁས་ལེན་བྱས་པ་ཞིག་རེད”ཅེས་ཕན་ཝུའེ་ལན་གྱིས་བཤད།

རྩོམ་ཡིག་ཅིག་ཕན་ཝུའེ་ལན་གྱི་སེམས་ལ་གསལ་ལེར་ངེས་ནས་ཡོད་ཅིང་། ཁོང་གིས“སྐབས་དེར་རྩོམ་ཡིག་ནང་ལྗང་མདོག་ཀྲུང་གོ་སྐྲུན་དགོས་ཞེས་བྲིས་འདུག་པར་ངས་དེར་ཐེ་ཚོམ་སྐྱེས་བྱུང”ད་ཆ་ཡུན་ཏེང་མཚེའུ་མཛེས་ཤིང་ལྟ་ན་སྡུག་ལ། ཀྲུང་གོར་སྒེར་འཁོར་བཏང་ནས་སྤྱི་ལེ་ཁྲི་20ཙམ་ཡུལ་སྐོར་བྱས་པའི་བརྒྱུད་རིམ་ལས་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ“ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་གི་ཆོད་སེམས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་འདུག”ཅེས་བཤད།

ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། རྒྱལ་སྤྱིའི་མེ་ཏོག་ལྡུམ་རའི་གྲོང་ཁྱེར། ཞ་མོན་རྒྱལ་སྤྱིའི་མར་སུན་འགྲན་བསྡུར། ཧྥུའུ་ཅན་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཞ་མོན་ཡུག་ཁུལ། འབོ་གསེར་རྒྱལ་ཁབ་ཀྱི་ཞ་མོན་དབུ་ཚོགས་སོགས་ཞ་མོན་གྱི་སྐོར་གླེང་སྐབས། ཕན་ཝུའེ་ལན་གྱིས“འདས་ཟིན་པའི་ལོ་36ནང་། ངས་ཞ་མོན་གྱི་འགྱུར་ལྡོག་དང་ལག་ལེན་དངོས་ལ་ཞུགས་པ་དང་འབྲེལ་བདེན་དཔང་ཡང་བྱས་པ་ཡིན། ད་ལྟ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་དེའང་ངའི་འགན་འཁྲི་ཞིག་རེད”ཅེས་བཤད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)