《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月24日

2023ལོར་རྒྱལ་ཡོངས་སུ་བརྩམས་དབང་ཐོ་འགོད་བྱེད་ཚད་སྤྱི་འབོར་ཁྲི་892ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་པར་དབང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་རྒྱལ་ཡོངས་སུ་བརྩམས་དབང་ཐོ་འགོད་བྱེད་ཚད་སྤྱི་འབོར་ཁྲི་892ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་40.46%འཕར་ཡོད་པ་རེད།

2023ལོར་རྒྱལ་ཡོངས་ཀྱི་བརྩམས་དབང་ཐོ་འགོད་བྱས་ཚུལ་བརྡ་ཁྱབ་བཏང་བའི་ནང་2023ལོར་རྒྱལ་ཡོངས་སུ་བརྩམས་དབང་ཐོ་འགོད་བྱེད་ཚད་ཁྲི་642ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་42.30%འཕར་ཡོད། རྒྱལ་ཡོངས་ཀྱི་བརྩམས་དབང་ཐོ་འགོད་བྱེད་ཚད་སྤྱིར་ན་ཆེས་ཆེར་འཕར་བའི་རྣམ་པ་མངོན་ཞིང་། པེ་ཅིང་དང་། ཧྲན་ཏུང་། ཧྥུའུ་ཅན་བཅས་ཀྱི་ཐོ་འགོད་བྱེད་ཚད་ཨང་དང་པོ་ནས་གསུམ་པ་བར་སླེབས་པ་དང་། ཧོ་ནན་དང་། བོད་ལྗོངས། ཧྲན་ཏུང་། ཧྥུའུ་ཅན། ཧོ་པེ། ཅང་ཤིས། ཡུན་ནན། མཚོ་སྔོན་བཅས་ཀྱི་ཐོ་འགོད་བྱེད་ཚད་100%ཡན་ཟིན་ཡོད་པ་རེད།

བརྩམས་ཆོས་ཀྱི་རིགས་ལ་བལྟས་ན། ཐོ་འགོད་བྱེད་མང་ཤོས་ནི་མཛེས་རྩལ་བརྩམས་ཆོས་ཡིན་པ་དེས་ཐོ་འགོད་སྤྱི་འབོར་གྱི་51.28%བཟུང་བ་དང་། ཨང་གཉིས་པ་ནི་པར་རིས་བརྩམས་ཆོས་ཡིན་པ་དེས་ཐོ་འགོད་སྤྱི་འབོར་གྱི་38.92%བཟུང་བ། ཨང་གསུམ་པ་ནི་ཡིག་རིགས་བརྩམས་ཆོས་ཡིན་པ་དེས་ཐོ་འགོད་སྤྱི་འབོར་གྱི་5.12%བཟུང་བ། ཨང་བཞི་པ་ནི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་ཡིན་པ་དེས་ཐོ་འགོད་སྤྱི་འབོར་གྱི་1.84%བཟུང་ཡོད། གཞན་ཡང་ད་དུང་བརྙན་ཕབ་བརྩམས་ཆོས་དང་། རི་མོའི་བརྩམས་ཆོས། རོལ་དབྱངས་བརྩམས་ཆོས། སྒྲ་ཕབ་བརྩམས་ཆོས་དང་དེ་བཞིན་དཔེ་དབྱིབས་དང་། ཟློས་གར། གཞས་མ་གཏམ། ཨར་སྐྲུན་བརྩམས་ཆོས་སོགས་ཡོད།

རྩིས་རྒྱག་འཕྲུལ་འཁོར་གྱི་མཉེན་ཆས་བརྩམས་དབང་ཐོ་འགོད་ཐད། 2023ལོར་རྒྱལ་ཡོངས་སུ་རྩིས་རྒྱག་འཕྲུལ་འཁོར་གྱི་མཉེན་ཆས་བརྩམས་དབང་ཁྲི་249ལྷག་ཙམ་ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་35.95%འཕར་ནས་ཐོ་འགོད་གྲངས་འབོར་དང་འཕར་ཚད་གཉིས་ཀ་ལོ་ལྔའི་རིང་གི་ཟིན་ཐོ་གསར་པ་བཏོད་ཡོད། ཐོ་འགོད་ས་ཁོངས་ཁྱབ་ཚུལ་ལ་བལྟས་ན། རྩིས་རྒྱག་འཕྲུལ་འཁོར་གྱི་མཉེན་ཆས་བརྩམས་དབང་ཐོ་འགོད་ས་ཁོངས་གཙོ་བོ་ཤར་རྒྱུད་ས་ཁུལ་དུ་གནས་པ་དང་ཐོ་འགོད་བྱེད་ཚད་ཁྲི་147ཙམ་ཟིན་པ་དེས་ཐོ་འགོད་སྤྱི་འབོར་གྱི་59%བཟུང་ཡོད། བརྩམས་དབང་གི་གཏའ་དབང་ཐོ་འགོད་ཐད་2023ལོར་རྒྱལ་ཡོངས་སུ་ཁྱོན་བརྩམས་དབང་གི་གཏའ་དབང་411ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་17.43%འཕར་ཡོད་པ་རེད།