འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར་ཞིང་ཆེན་རིམ་པ་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཚང་མ་བཟོས་ཟིན་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཡང་ཞུས་ཤིང་། ཅང་སུའུ་དང་། ཀོང་ཏུང་། ཉིང་ཞ་སོགས་ཞིང་ཆེན་རིམ་པའི་འཆར་འགོད་ཁག་22ཚང་མ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་པ་རེད།
རང་བྱུང་ཐོན་ཁུངས་པུའི་བར་མཐོངས་འཆར་འགོད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་དང་རྫོང་གི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་ཚང་མ་བཟོས་ཟིན་པ་དང་དུས་ཚོད་དམ་འཛིན་གྱིས་གོ་རིམ་ལྟར་གོང་གི་ཆོག་མཆན་ཞུ་བཞིན་ཡོད་པ་རེད། དེའི་ནང་ཞིང་ཆེན་རིམ་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལ་ཆོག་མཆན་སྤྲད་པའི་ཞིང་ཆེན་22ཀྱི་ནང་ནས་ཅང་སུའུ་དང་། ཀོང་ཏུང་། ཉིང་ཞ། ཧྲན་ཏུང་། ཧའེ་ནན། ཧྲན་ཤིས། ཅང་ཤིས། ཀོང་ཤིས། ཧུའུ་ནན། ཧོ་པེ། ཨན་ཧུའེ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)11གི་གྲོང་ཁྱེར་རིམ་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་ཁག་117ལ་ཆོག་མཆན་སྤྲད་པ་དེས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་འཆར་འགོད་སྤྱི་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་བ་དང་། ཅང་སུའུ་དང་། ཀོང་ཏུང་། ཉིང་ཞ། ཧའེ་ནན། ཧྲན་ཏུང་། ཧོ་པེ། ཅང་ཤིས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)7གྱི་རྫོང་རིམ་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་ཁག་236ལ་ཆོག་མཆན་སྤྲད་པ་དེས་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་འཆར་འགོད་བསྡོམས་འབོར་གྱི་10%བཟུང་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ས་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་བཟོ་བའི་ལག་བསྟར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་རྒྱུག་ཁུལ་རང་བཞིན་གྱི་རྒྱལ་ཁབ་རིམ་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་ཆེད་དོན་འཆར་འགོད་ཐོག་མ་སྟེ《འབྲི་ཆུའི་དཔལ་འབྱོར་ཁུལ-འབྲི་ཆུ་རྒྱུག་ཁུལ་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད(2021ལོ་ནས་2035ལོ་བར)》དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་པ་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་དང་། རྨ་ཆུ་རྒྱུག་ཁུལ། འབྲི་ཆུའི་ཟུར་གསུམ་གླིང་བཅས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱང་དུས་ཚོད་དམ་འཛིན་གྱིས་བཟོས་ནས་གོང་གི་ཆོག་མཆན་ཞུ་བཞིན་ཡོད་པ་རེད།
(མཚམས་གཅོད་ཀྱིས་བསྒྱུར། དམ་ཆོས་ཀྱིས་ཞུས)