ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བཟོ་འཕྲིན་པུས་ཡིག་ཆ་བཀྲམ་ནས་2025ལོར་སླེབས་སྐབས་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ཚད་གཞིའི་མ་ལག་རགས་ཙམ་བཟོས་ནས་ཐཱན་ཚད་མཐོ་ཤོས་ཀྱི་དགོས་ངེས་ཀྱི་ཚད་གཞི་ཁག་200ཡན་བཟོ་རྒྱུ་དང་རྨང་གཞིའི་སྤྱི་སྤྱོད་དང་། དྲོད་ཁང་གི་རླངས་གཟུགས་ཞིབ་རྩིས། ཐཱན་ཉུང་ལག་རྩལ་དང་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་ཚད་གཞི་གཙོ་གནད་ཐོག་བཟོས་ཏེ་བཟོ་ལས་ཁྱབ་ཁོངས་ལ་ཐཱན་གྱི་དཔྱད་དཔོག་དང་ཐཱན་འབུད་ཉུང་གཏོང་སོགས་ཀྱི་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུ་རེད།
ཉེ་ཆར་བཟོ་འཕྲིན་པུས་བཀྲམ་པའི《བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་ཕྱོགས་སྟོན》ནང་2025ལོ་དང་2030ལོར་སླེབས་སྐབས་ཀྱི་འཛུགས་སྐྱོང་གི་དམིགས་ཚད་རབ་དང་རིམ་པ་བཏོན་པ་དང་ཆབས་ཅིག་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ཚད་གཞིའི་མ་ལག་གི་སྒྲོམ་གཞི་དང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ཚད་གཞི་བཟོ་བའི་གཙོ་གནད་ཁྱབ་ཁོངས་འཆར་འགོད་ཀྱང་བྱས་ཡོད།
གླེང་རིན་ཡོད་པ་ཞིག་ནི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ཚད་གཞི་བཟོ་བའི་གཙོ་གནད་ཁྱབ་ཁོངས་སུ་ཕྱོགས་སྟོན་ནང་མཐུན་སྦྱོར་ཐཱན་འབུད་ཉུང་གཏོང་གི་ཚད་གཞི་འཆར་འགོད་བྱས་ཡོད། གཙོ་བོ་ཁེ་ལས་ནང་ཁུལ་དུ་མཐུན་སྦྱོར་དང་། གོང་འོག་མཐུན་སྦྱོར། ཐོན་ལས་འཁོར་འབྲེལ་མཐུན་སྦྱོར་སོགས་ཀྱི་བྱེད་སྟངས་བརྒྱུད་མཐུན་སྦྱོར་ཐཱན་འབུད་ཉུང་གཏོང་ཡོང་བའི་འབྲེལ་ཡོད་ལག་རྩལ་དང་སྒྲིག་ཆས་ལ་ཟེར་ཞིང་། དེའི་ནང་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་དང་། སྦགས་བཙོག་ཉུང་གཏོང་དང་ཐཱན་འབུད་ཉུང་གཏོང་གི་མཐུན་སྦྱོར། ཐོན་ལས་འཁོར་འབྲེལ་མཐུན་སྦྱོར་སོགས་ཀྱི་ཚད་གཞི་ཚུད་ཡོད།
བཟོ་འཕྲིན་པུའི་འབྲེལ་ཡོད་འགན་འཁུར་བས། ཕྱོགས་སྟོན་ནང་ད་ཡོད་ཀྱི་བཟོ་ལས་ཀྱི་ནུས་རྒྱུ་གྲོན་ཆུང་དེ་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚད་གཞིའི་མ་ལག་དང་། ལྗང་མདོག་བཟོ་སྐྲུན་ཚད་གཞིའི་མ་ལག་གི་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྣང་ཆེན་བྱས་ནས་ཚད་གཞི་མགྱོགས་མྱུར་བཟོས་ཏེ་ཚད་གཞིའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་བཟོ་ལས་ཁྱབ་ཁོངས་དེ་ཐཱན་ཉུང་དང་ཐཱན་མེད་ཀྱི་འཕེལ་རྒྱས་རྣམ་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།
(བསྟན་བཟང་གིས་བསྒྱུར། རིག་རྡོར་གྱིས་ཞུས)