ཉིན་ཤས་གོང་འཇར་མན་གྱི་པེར་ལིན་གྲོང་སྲིད་ཐིང་གིས་འཚོགས་པའི“སྤྲོ་སྣང་ལྡན་པའི་དཔྱིད་གསར། ཧྲན་ཏུང་ལ་མཉམ་དུ་རོལ”ཞེས་པའི་དཔྱིད་གསར་གྱི་རྟེན་འབྲེལ་མཛད་སྒོའི་རོལ་དབྱངས་འདུ་ཚོགས་དང་སྣེ་ལེན་ཚོགས་འདུའི་ཐོག པེར་ལིན་གྲོང་ཁྱེར་སྲིད་གཞུང་གི་རྒྱལ་དོན་དྲུང་ཡིག་ཆེ་ཧྥུའུ་ལུའོ་ཨན·ཧོར་གྱིས་གསར་འགོད་པར“ཀྲུང་གོའི་རིག་གནས་ཀྱིས་གྲོང་ཁྱེར་དེར་བཀྲག་མདངས་བསྣན་ཡོད”ཅེས་བཤད།
དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོའི་རོལ་དབྱངས་འདུ་ཚོགས་དང་སྣེ་ལེན་ཚོགས་འདུ་དེ་པེར་ལིན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་དང་པེར་ལིན་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་གཉེར་བ་ཞིག་རེད། འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཁེན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་དང་འཇར་མན་གྱིས་མཉམ་དུ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བཅག་ནས། འཕེལ་རྒྱས་ཀྱི་བར་མཐོངས་མཉམ་དུ་རྒྱ་སྐྱེད་གཏོང་བ་དང་། ཡར་ཐོན་གྱི་གྲུབ་འབྲས་མཉམ་དུ་རོལ་བ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཧྲན་ཏུང་ཟློས་གར་ཁང་མི་རིགས་རོལ་དབྱངས་ཚོགས་པ་ནས་ཡིན་པའི་ཀྲུང་གོའི་སྒྱུ་རྩལ་མཁས་པས་ཀྲུང་གོའི་སྲོལ་རྒྱུན་རོལ་ཆའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཏེ། སྐུ་མགྲོན་ཚོར་མིག་ཡིད་སྣ་བའི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།
འཇར་མན་གྱི་ལྟད་མོ་བ་ཧྥུར་ཁོའོ·ཧ་ཨེན་གྱིས་རོལ་ཆ་ཧྲེན་ལ་ཧ་ཅང་དགའ་པོ་བྱེད་པ་དང “རོལ་ཆའི་བཟོ་ལྟ་དམིགས་བསལ་ཡིན་པ་མ་ཟད། སྒྲ་ཡང་ཧ་ཅང་སྙན་པོ་ཞིག་འདུག”ཅེས་བཤད། འཇར་མན་དུ་ཡོད་པའི་ཀྲུང་གོ་བ་ཨོག་ལེན་དཀྲོལ་མཁན་ཉིང་ཧྥུང་གིས“མི་རིགས་ཀྱི་ཡིན་ན་འཛམ་གླིང་གི་ལོས་ཡིན། འཇར་མན་གྱི་རོལ་དབྱངས་རིག་གནས་ཀྱི་སྲོལ་རྒྱུན་གཏིང་ཟབ་པ་དང་ཀྲུང་གོའི་དམངས་ཁྲོད་རོལ་དབྱངས་ཀྱིས་ལྟད་མོ་བ་ཚོའི་ཡིད་དབང་འཕྲོག་པའི”ངོས་འཛིན་བྱེད་ཀྱི་ཡོད།
རོལ་དབྱངས་འདུ་ཚོགས་དེ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཁྲོད་མཇུག་འགྲིལ་ཞིང་། “ཀྲུང་གོའི་རོལ་ཆ་དཀྲོལ་མཁན་དང་འཇར་མན་གྱི་ལྟད་མོ་བའི་དབར་མཛའ་བརྩེའི་སྤེལ་རེས་བྱས། ང་ཚོའི་དབར་གོ་བརྡ་མི་འཕྲོད་རུང་ཕན་ཚུན་གྱི་བརྩེ་སེམས་ཚོར་ཐུབ་ཀྱི་འདུག གྲོང་སྲིད་ཐིང་གི་སྐོར་གཡེང་ཉེན་རྟོག་པས་ང་ཚོར་མཐེ་བོང་བསྒྲེངས་ནས་འཛུམ་དམུལ་དམུལ་བྱེད་ཀྱི་འདུག”ཅེས་འཁྲབ་སྟོན་མཇུག་འགྲིལ་རྗེས་རྒྱ་གླིང་གཏོང་མཁན་ཧན་ཀྲེན་གྱིས་བཤད།
(མཚམས་གཅོད་ཀྱིས་བསྒྱུར། བསྟན་བཟང་གིས་ཞུས)