འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གིས་དབང་སྤྲོད་བྱས་པའི་རྒྱལ་ཡོངས་ཀྱི་དངུལ་ཁང་དབར་གྱི་ལས་རིགས་གཅིག་པའི་ནང་བསྐྱིས་ལྟེ་གནས་ཀྱིས་དུས་ཐེངས་གསར་པའི་དངུལ་བུན་ཁྲོམ་རའི་འབོད་གོང་གི་སྐྱེད་ཚད(LPR)ཁྱབ་བསྒྲགས་བྱས་པའི་ནང་ལོ་ཚད་ལོ་གཅིག་གི་LPR3.45%ཡིན་པ་དེ་དུས་ཐེངས་གོང་མ་དང་སྙོམས་པ་དང་། ལོ་ཚད་ལོ་5ཡན་གྱི་LPR3.95%ཡིན་པ་དེ་དུས་ཐེངས་གོང་མ་ལས་བརྒྱ་ཆའི་གྲངས་0.25ཆག་ཡོད་པ་རེད།
སྐྱེད་ཚད་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་གཏོང་གི་གོམ་སྟབས་གལ་ཆེན་ཞིག་ཡིན་པའི་ངོས་ནས་LPRཡིས་དངུལ་བུན་གྱི་གཞི་རྩའི་སྐྱེད་ཚད་ཀྱི་ཚབ་བྱས་ཏེ་དངུལ་བུན་སྐྱེད་ཚད་གཏན་འཁེལ་བྱ་གཞི་ཞིག་ལ་གྱུར་ཏེ་ཟླ་རེར་དུས་བཀག་ལྟར་ཁྱབ་བསྒྲགས་བྱེད་ཀྱི་ཡོད། LPRལེགས་སྒྲིག་ལ་ཁ་ཕྱོགས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེ་ཙམ་ལྡན་ཡོད་པས་LPRདམའ་རུ་འགྲོ་བ་དེས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དངོས་ཡོད་ཀྱི་སྐྱེད་ཚད་དམའ་རུ་འགྲོ་བར་སྐུལ་ཁྲིད་བྱེད་ཐུབ། ལོ་ཚད་ལོ་5ཡན་གྱི་LPRནི་དུས་ཡུན་རིང་འབྲིང་གི་ཁེ་ལས་ཀྱི་དངུལ་བུན་དང་མི་སྒེར་གྱི་སྡོད་ཁང་དངུལ་བུན་བཅད་གོང་གི་དཔྱད་གཞི་འཛིན་སའི་གཞི་རྩ་གཙོ་བོ་ཡིན། རྒྱལ་ཡོངས་ཀྱི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ཀྱི་གྲངས་ཚད་ཉུང་ཤོས་དེ་LPRདང་མཉམ་དུ་3.75%བར་ལེགས་སྒྲིག་བྱས་པས་གསར་དུ་ལག་བསྟར་བྱས་པའི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་ཅུང་དམའ་རུ་འགྲོ་རྒྱུ་ཡིན་པ་དང་། གསོག་འབོར་གྱི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་ཀྱང་རིན་གོང་བསྐྱར་དུ་ལེགས་སྒྲིག་བྱེད་པའི་ཉིན་མོར་དེ་མཚུངས་ཀྱིས་ལེགས་སྒྲིག་བྱ་རྒྱུ་ཡིན་སྟབས། སྡོད་ཁང་གི་དངུལ་བུན་གཡར་མཁན་གྱི་སྐྱེད་ཀའི་གཏོང་སྒོ་གྲོན་ཆུང་ཐུབ་པ་དང་མ་འཇོག་དང་འཛད་སྤྱོད་ལ་སྐུལ་འདེད་ཐེབས་ནས་ས་ཁང་བདག་ཁོངས་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་རྒྱབ་སྐྱོར་བྱེད་པར་ཕན་ཐོགས་ཡོད།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ཁྲོད་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། ཉེ་དུས་ཀྲུང་གོ་མི་དམངས་དངུལ་ཁང་གིས་གསོག་དངུལ་སྐྱེད་ཚད་ཁྲོམ་ར་ཅན་གྱི་ལེགས་སྒྲིག་ལམ་སྲོལ་གྱི་ནུས་པ་མུ་མཐུད་བཏོན་ཡོད། དངུལ་ཁང་གཙོ་བོ་ཁག་གིས་ན་ནིང་ནས་བཟུང་གསོག་དངུལ་གྱི་སྐྱེད་ཚད་དམའ་རུ་བཏང་ཞིང་། དངུལ་ཁང་འབྲིང་ཆུང་ཁག་གཅིག་གིས་ཀྱང་མཉམ་དུ་ལེགས་སྒྲིག་བྱས་པས་ཚོང་ལས་དངུལ་ཁང་གི་བུན་ཟུག་ཕྱོགས་ཀྱི་མ་གནས་ཅུང་དམའ་རུ་ཕྱིན་ཡོད་པ་རེད།
(བསྟན་བཟང་གིས་བསྒྱུར། རིག་རྡོར་གྱིས་ཞུས)