ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས། ཟླ་2ཚེས་20ཉིན་བར། རྒྱལ་ཡོངས་ཀྱི་ཞིང་ཆེན་29ཡི་གྲོང་ཁྱེར་214ཡིས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་མ་དངུལ་བསྡུ་སྒྲིལ་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱེད་ཆོག་པའི་ས་ཁང་བདག་ཁོངས་རྣམ་གྲངས་ཀྱི“མིང་ཐོ་དཀར་པོ”ཁག་བགོས་ངང་བཏོན་པ་དང་འབྲེལ་ཚོང་ལས་དངུལ་ཁང་ལ་སྤྲད་པ་དེ་རྣམ་གྲངས་ཁག་5349དང་འབྲེལ་བ་ཡོད་ཅེས་བསྟན་པ་རེད།
སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས། ཟླ་དང་པོར་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མཐུན་སྦྱོར་ལམ་སྲོལ་ལས་དོན་བཀོད་སྒྲིག་བྱས་ཚུན་ས་གནས་ཁག་དང་འབྲེལ་ཡོད་དངུལ་རྩའི་སྒྲིག་གཞིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་པས། མཐུན་སྦྱོར་ལམ་སྲོལ་དོན་འཁྱོལ་བྱས་པར་འཕེལ་རྒྱས་གསར་པ་རྒྱུན་མཐུད་བྱུང་ཡོད་ཅེས་བསྟན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་57གྱི་རྣམ་གྲངས་ཁག་162ལ་དངུལ་ཁང་གི་མ་དངུལ་བསྡུ་སྒྲིལ་བསྡོམས་སྒོར་དུང་ཕྱུར་294.3ཐོབ་པ་དེ་དཔྱིད་གསར་དུས་ཆེན་གྱི་གུང་གསེང་གོང་ལས་སྒོར་དུང་ཕྱུར་113འཕར་ཡོད། གཞན་ཡང་། ཀྲུང་གོ་དངུལ་ཁང་དང་། འཛུགས་སྐྲུན་དངུལ་ཁང་། ཞིང་ལས་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་། མ་རྐང་ལམ་ལུགས་ཀྱི་དངུལ་ཁང་ཁག་གཅིག་བཅས་ཀྱི་འབྲེལ་ཡོད་གྲངས་གཞིར་གཞིགས་ན། “མིང་ཐོ་དཀར་པོའི”རྣམ་གྲངས་ལ་དངུལ་བུན་སྒོར་དུང་ཕྱུར་1236ཞིབ་མཆན་བྱས་པ་དང་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གྱི་དགོས་མཁོར་གཞིགས་ནས་དངུལ་བུན་གཅིག་རྗེས་གཉིས་མཐུད་ངང་གཏོང་བཞིན་ཡོད་པ་རེད།
སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས། གོམ་སྟབས་རྗེས་མར་ས་གནས་ཁག་གིས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་གྱི་འབྲེལ་ཡོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ས་ཁང་བདག་ཁོངས་རྣམ་གྲངས་ཀྱི“མིང་ཐོ་དཀར་པོ”གནད་ལ་འཁེལ་པོས་བཏོན་ཏེ་མཐུན་སྦྱོར་ལམ་སྲོལ་ལ་རྒྱུན་མཐུད་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་ཆབས་ཅིག ས་གནས་སོ་སོས་ལས་དོན་སྒྲུབ་སྐབས“གདུབ་ཟུམ་གཉིས”ཆགས་པར་བྱེད་དགོས་ཏེ། གཅིག་ནས“སྤྲོད་པ་དང་ཚུར་ལན”གྱི་ལས་ཀའི་གདུབ་ཟུམ་ཆགས་པར་བྱེད་དགོས་ཤིང་། གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་གྱིས་ཆ་རྐྱེན་ལ་གཞིགས་ནས་རྣམ་གྲངས་ལེགས་འདེམས་བྱེད་པ་དང་འབྲེལ་ཚོང་ལས་དངུལ་ཁང་ལ་སྤྲོད་པ་དང་། ཚོང་ལས་དངུལ་ཁང་ཁག་གིས་སྒྲིག་སྲོལ་ལ་གཞིགས་ནས་ཞིབ་བཤེར་བྱས་རྗེས་དངུལ་བུན་གཏོང་བ། དངུལ་བུན་གཏོང་བར་མ་འཚམ་པའི་རྣམ་གྲངས་རིགས་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ“དངུལ་བུན་གཏོང་ཐབས་མེད་པའི་རྒྱུ་རྐྱེན”གོང་ཞུ་བྱས་ནས་གྲོང་ཁྱེར་སྲིད་གཞུང་གིས་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཏེ“མིང་ཐོ་དཀར་པོའི”རྣམ་གྲངས་སྤྲོད་པ་ནས་ཚུར་ལན་བར་གྱི་ལས་ཀའི་གདུབ་ཟུམ་ཆགས་པར་བྱེད་དགོས། གཉིས་ནས“གཏོང་སྤྲོད་དང་། བེད་སྤྱོད། བུན་འཇལ”བཅས་ཀྱི་དོ་དམ་གདུབ་ཟུམ་ཆགས་པར་བྱས་ནས་མ་དངུལ་ཚང་མ་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་ལ་སྤྱོད་རྒྱུར་འགན་ལེན་བྱས་ནས་མ་དངུལ་དག་ས་ཉོ་བ་དང་བུ་ལོན་འཇལ་བའམ་ཡང་ན་མ་འཇོག་གཞན་དག་ལ་སྤྱོད་རྒྱུ་ནན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)