འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ལྷོ་ཕྱོགས་ཀྱི་དགུན་དུས་པད་ཁར་ཐེའུ་བཏང་ནས་མེ་ཏོག་བཞད་པ་དང་། ཅང་ཧོའེ་དང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་དགུན་གྲོར་སྔོ་ལོག་བརྒྱབ་པ། ལྷོ་ནུབ་ཀྱི་དགུན་གྲོར་སྙེ་ཚིགས་རྒྱས་པ་བཅས་ཀྱི་དུས་སུ་སླེབས་ནས་དཔྱིད་ཀྱི་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་དེ་ལྷོ་ནས་བྱང་བར་བསྟུད་མར་སྤེལ་བཞིན་ཡོད། ཉེ་ཆར་གྱི་གྲང་རླབས་གནམ་གཤིས་ཀྱིས་རང་རྒྱལ་གྱི་ནུབ་ཕྱོགས་ནས་ཤར་ཕྱོགས་དང་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་ཤུགས་རྐྱེན་ཐེབས་ནས་དབུས་ཤར་རྒྱུད་དུ་དྲོད་ཚད་འཕར་ཆག་ཆེན་པོ་བྱུང་སྟེ། འབྲི་ཆུའི་དབུས་སྨད་རྒྱུད་དང་དེའི་བྱང་རྒྱུད་ས་ཁུལ་དུ་གངས་འབབ་པའམ་ཡང་ན་ཆར་པ་བབས་རྒྱུ་དང་། ཧྭ་པེ་དང་། ཧོང་ཧོའེ། ཅང་ཧོའེ་བཅས་དང་དེ་བཞིན་ཅང་ཧན་སོགས་ས་ཁུལ་དུ་གངས་ཆེན་པོ་འབབ་རྒྱུ། ཧོ་ནན་དང་། ཧུའུ་པེ། ཧུའུ་ནན། ཀུའེ་ཀྲོའུ་སོགས་སུ་ཆར་པ་འབབ་རྒྱུ་རེད། གངས་ཆེན་པོ་འབབ་ས་དང་ཆར་པ་འབབ་ས་དེ་ཟླ་2པའི་ཟླ་སྟོད་དུ་གངས་འཁྱགས་ཀྱི་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་ཁུལ་དང་གཅིག་པ་ཡིན་པས་མིག་སྔའི་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད། དེར་བརྟེན་ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུས་ཛ་དྲག་གི་བརྡ་ཐོ་བཏང་ནས་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་བཀོད་སྒྲིག་བྱས་ཏེ་གནོད་འཚེའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།
བརྡ་ཐོའི་ནང་། རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རིམ་པ་དང་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་དང་གནད་སྨིན་ཞིབ་ཚགས་ཀྱིས་མཛུབ་ཁྲིད་བྱས་ཏེ། དཔྱིད་རྨོད་ཐོན་སྐྱེད་ཀྱི་འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་གཅོག་པ། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ། འཕྲལ་སྡོམ་དོ་དམ་དང་གནམ་གཤིས་སོགས་སྡེ་ཚན་དང་འབྲེལ་མཐུད་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ཡག་པོ་བྱས་ཏེ་ཐོན་སྐྱེད་དང་ཁྲོམ་རའི་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རའི་མི་འདང་བའི་ཆར་ཞིབ་འཇུག་དང་བརྡར་ཤ་གཅོད་པ། འཕྲལ་སྡོམ་སྔོན་ཇུས་སྔ་སྣུར་དུ་ཡག་པོ་བཟོ་བ་བཅས་བྱས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཐོན་སྐྱེད་བརྟན་པོ་དང་། མཁོ་སྤྲོད་འདང་ངེས། སྤུས་ཚད་ལ་བློས་འགེལ་ཆོག་པ་བཅས་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།