རྒན་བཀུར་དང་། རྒན་སྐྱོང་། རྒན་གསོ། རྒན་རོགས་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རེད་ལ། སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་ཤིག་ཀྱང་རེད། 2022ལོའི་ལོ་མཇུག་བར། རང་རྒྱལ་དུ་ལོ་60དང་དེ་ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་2.8ཡོད་པ་རེད།
ཚེས་20ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒན་གསོའི་ཞབས་ཞུའི་དམངས་དོན་རྩོད་གཞི་དང་འབྲེལ་བའི་དཔེ་མཚོན་གྱོད་གཞི་ཁག་6ཡོངས་བསྒྲགས་བྱས་པའི་དམིགས་ཡུལ་ནི་ཁྲིམས་འཛིན་ཤན་འབྱེད་ལ་བརྟེན་ནས་རྒན་གསོའི་ཞབས་ཞུའི་ནང་དོན་ཚད་ལྡན་དུ་བཏང་སྟེ། རྒན་གསོའི་སྒྲིག་གཞི་སྐྱོན་བྲལ་ངང་གཉེར་བར་ཁྲིད་སྟོན་དང་། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་། རྒན་རྒོན་རྣམས་བློ་བདེའི་ངང་རྒན་གསོ་ཐུབ་པར་རོགས་སྐྱོར་བཅས་བྱེད་པའི་ཆེད་དུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གཉེར་སྐྱོང་བྱ་ཡུལ་ཞིག་ཡིན་པའི་རྒན་གསོའི་སྒྲིག་གཞིར་ཆ་མཚོན་ན། གནས་སྡོད་བྱེད་མཁན་རྒན་རྒོན་གྱི་བདེ་འཇགས་ལ་འགན་ལེན་བྱེད་པའི་འོས་འགན་ཡོད། འོས་འགན་དེ་འཁུར་མ་ཐུབ་པར་རྒན་རྒོན་ལ་གནོད་སྐྱོན་ཕོག་ཚེ་དབང་ཆར་བཙན་གནོད་བྱས་པའི་འགན་འཁྲི་ཁུར་དགོས། ཝང་ཆེ་གེ་མོས་རྒན་གསོ་ཁང་ཞིག་དང་ཚེ་སྲོག་གི་དབང་ཆ་དང་། ལུས་རྟེན་གྱི་དབང་ཆ། བདེ་ཐང་གི་དབང་ཆ་བཅས་སྐོར་གྱི་རྩོད་གཞི་བྱུང་ནས་ཞུ་གཏུག་བརྒྱབ་པའི་གྱོད་གཞིའི་ནང་། རྒན་གསོའི་སྒྲིག་གཞིའི་ཐོག་སོ་དང་པོར་བཙུགས་པའི་ཁྲུས་ཁང་གཉེར་སྐྱོང་བྱེད་རིང་དབྱང་གཅིག་ཐན་འགྱུར་རྫས་ཐོན་པ་དག་རྒན་རྒོན་སྡོད་སའི་ཁང་པའི་ནང་ཁྱབ་པའི་རྐྱེན་གྱིས་རྒན་རྒོན་ཚེ་ལས་འདས། མི་དམངས་ཁྲིམས་ཁང་གིས་རྒན་གསོ་ཁང་དེས་བདེ་འཇགས་འགན་ལེན་གྱི་འོས་འགན་ཁུར་ཐུབ་མེད་པ་དང་། ཁྲུས་ཁང་གཉེར་སྐྱོང་པ་དང་མཉམ་དུ་དབང་ཆར་བཙན་གནོད་བྱས་པའི་ཉེས་ཚད་གྲུབ་ཡོད་པས་ཕྱོགས་གཉིས་ཀས་ཞོར་འབྲེལ་འགན་འཁྲི་ཁུར་དགོས་པའི་ངོས་འཛིན་བྱས་པ་རེད།
དེ་དང་ཆབས་ཅིག་ཆེད་མངགས་རྒན་རྒོན་ལ་ཞབས་འདེགས་ཞུ་མཁན་གཉེར་སྐྱོང་བྱ་ཡུལ་ཡིན་པའི་རྒན་གསོའི་སྒྲིག་གཞིས། བྱེད་སྒོ་སྤེལ་ཡུལ་དང་སྒྲིག་ཆས་རྒན་འཕྲོད་བཟོ་སྒྱུར་བྱས་ཏེ་རྒན་རྒོན་ལ་འགོག་མེད་ཞབས་འདེགས་ཞུ་དགོས། མཱ་ཆེ་གེ་མོས་རྒན་གསོའི་ལྟེ་གནས་ཀྱི་གཉེར་སྐྱོང་བྱ་ཡུལ་དང་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་གཉེར་སྐྱོང་པ་དང་དོ་དམ་པའི་འགན་འཁྲིའི་སྐོར་གྱི་རྩོད་གཞི་བྱུང་ནས་ཞུ་གཏུག་བརྒྱབ་པའི་གྱོད་གཞིའི་ནང་། རྒན་གསོའི་སྒྲིག་གཞིའི་རྒྱུན་གཏན་འགྲོ་སྐྱོད་བྱེད་སའི་ལམ་ལ་ས་ངོས་ལས་མཐོ་བའི་མདོང་ཁེབས་ཤིག་ཡོད་པ་དེར་འདི་གར་སྡོད་མཁན་རྒན་རྒོན་ཞིག་འཁོན་ནས་འགྱེལ་ཏེ་རྨས་སྐྱོན་ཕོག་ཡོད། མི་དམངས་ཁྲིམས་ཁང་གིས་རྒན་གསོ་ཁང་དེས་བྱེད་སྒོ་སྤེལ་ཡུལ་ལ་རྒན་འཕྲོད་བཟོ་སྒྱུར་བྱས་མེད་པ་དང་། གནོད་འཚེ་ཕོག་པའི་མཇུག་འབྲས་ཐད་ནོར་འཁྲུལ་ཤོར་བས་དེས་60%ཡི་འགན་ཁུར་དགོས་པའི་བབ་སྟུན་ཐག་གཅོད་བྱ་རྒྱུའི་ངོས་འཛིན་བྱས་པ་རེད།
རྒན་གསོའི་ཞབས་ཞུ་ནི་རྒན་གསོའི་ཞབས་ཞུའི་གན་རྒྱའི་ནང་དོན་གཙོ་བོ་རེད། རྒན་གསོའི་སྒྲིག་གཞིས་མཁོ་འདོན་བྱས་པའི་རྒན་གསོའི་ཞབས་ཞུ་དེ་གན་རྒྱའི་ནང་ཁ་ཆད་བྱས་དོན་དང་དེ་བཞིན་སྤུས་ཚད་དང་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་དགོས། གལ་ཏེ་རྒན་གསོའི་སྒྲིག་གཞིས་ཞབས་ཞུའི་གན་རྒྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པའི་རིགས་འགན་འཁྲི་ཁུར་དགོས་མེད་པ་དང་དེ་མིན་ན་ཁྲིམས་བཞིན་འགན་འཁྲི་ཁུར་དགོས། ཤང་ཆེ་གེ་མོས་ཀུས་སི་ཞིག་དང་ཞབས་ཞུའི་གན་རྒྱའི་སྐོར་གྱི་རྩོད་གཞི་བྱུང་ནས་ཞུ་གཏུག་བརྒྱབ་པའི་གྱོད་གཞིའི་ནང་། རྒན་གསོའི་གན་རྒྱའི་ནང་རྒན་གསོའི་རྟེན་གཞི་ཁྲུང་ཆིན་དུ་ཡོད་པའི་ཁ་ཆད་བྱས་མོད། འོན་ཀྱང་རྒན་རྒོན་རང་ཉིད་ཀྱི་འདོད་པ་ལྟར་མིན་པར་སྔ་རྗེས་སུ་ཡུན་ནན་དང་སི་ཁྲོན་སོགས་ཀྱི་ས་ཆར་རྒན་གསོ་བྱེད་པར་བཏང་ཡོད། མི་དམངས་ཁྲིམས་ཁང་གིས་རྒན་གསོའི་སྒྲིག་གཞིས་ཞབས་འདེགས་ཞུ་ས་ཡང་ཡང་བསྒྱུར་བ་དང་གན་རྒྱའི་ནང་གི་ཁ་ཆད་ལས་འགལ་རྐྱེན་ཞབས་ཞུའི་གན་རྒྱ་ཕྱིར་འཐེན་བྱེད་རྒྱུའི་ངོས་འཛིན་ངེས་གཏན་བྱས་པ་མ་ཟད། ད་དུང་རྒན་གསོ་ཁང་དེས་རྒན་རྒོན་རྣམས་ལ་རྒན་གསོའི་ཞབས་ཞུའི་གྲོན་དངུལ་ལྷག་མ་ཕྱིར་སློག་དགོས་པའི་དཔྱད་མཚམས་བཀའ་རྒྱ་ཡང་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད། ཝང་ཆེ་གེ་མོས་རྒན་གསོའི་སྤྱི་ཤག་ཞིག་དང་ཚེ་སྲོག་གི་དབང་ཆ་དང་། ལུས་རྟེན་གྱི་དབང་ཆ། བདེ་ཐང་གི་དབང་ཆ་བཅས་སྐོར་གྱི་རྩོད་གཞི་བྱུང་ནས་ཞུ་གཏུག་བརྒྱབ་པའི་གྱོད་གཞིའི་ནང་། དེ་གར་སྡོད་པའི་རྒན་རྒོན་གློ་བུར་དུ་ནད་གཞི་ལངས་ནས་འགྱེལ་བ་དང་སྨན་ཁང་དུ་བསྐྱལ་རྗེས་ཚེ་ལས་འདས། མི་དམངས་ཁྲིམས་ཁང་གིས་རྒན་རྒོན་དེ་གར་གནས་སྡོད་བྱས་པ་དང་། འགྱེལ་བ། གློ་བུར་དུ་ནད་གཞི་ལངས་པ། སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་བཅས་ཀྱི་བརྒྱུད་རིམ་ལ་བལྟས་ན། རྒན་གསོའི་སྒྲིག་གཞིས་འཁུར་དགོས་པའི་ནད་གཡོག་བྱེད་སྟངས་དང་མཚུངས་པའི་གན་རྒྱའི་འོས་འགན་ཁུར་ཡོད་པས་འགན་འཁྲི་ཁུར་མི་དགོས་པའི་ངོས་འཛིན་བྱས་པ་རེད།
དཔེ་མཚོན་གྱོད་དཔེས་ཕྱོགས་སོ་སོའི་འགན་འཁྲི་གསལ་པོ་བཟོས་ཡོད། ལི་ཆེ་གེ་མོས་རྒན་རྒོན་སྤྱི་ཤག་ཞིག་དང་དབང་ཆ་བཙན་གནོད་ཀྱི་འགན་འཁྲིའི་སྐོར་གྱི་རྩོད་གཞི་བྱུང་ནས་ཞུ་གཏུག་བརྒྱབ་པའི་གྱོད་གཞིའི་ནང་། རྒན་རྒོན་སྤྱི་ཤག་ཏུ་སྡོད་མཁན་རྒན་རྒོན་ལ་དེ་གར་མཉམ་དུ་སྡོད་མཁན་རྒན་གསོའི་སྒྲིག་གཞིའི་ཕུང་གསུམ་པས་གནོད་འཚེ་བཏང་ཡོད། མི་དམངས་ཁྲིམས་ཁང་གིས་ཕུང་གསུམ་པས་དབང་ཆ་བཙན་གནོད་ཀྱི་འགན་ཁུར་དགོས་པ་དང་དུས་མཚུངས། རྒན་གསོ་ཁང་དེར་བདེ་འཇགས་འགན་ལེན་གྱི་འོས་འགན་ཁུར་མེད་པའི་གནས་ཚུལ་ལྡན་པས་ཁ་གསབ་འགན་འཁྲི་30%ཁུར་དགོས་པའི་ངོས་འཛིན་བྱས་པ་རེད།
ཀྲའོ་ཆེ་གེ་མོས་རྒན་གསོའི་ཞབས་ཞུ་ལྟེ་གནས་ཤིག་དང་ཞབས་ཞུའི་གན་རྒྱའི་སྐོར་གྱི་རྩོད་གཞི་བྱུང་ནས་ཞུ་གཏུག་བརྒྱབ་པའི་གྱོད་གཞིའི་ནང་། དེ་གར་སྡོད་མཁན་རྒན་རྒོན་ཀྲང་ཆེ་གེ་མོས་རང་ཉིད་སོ་སོས་ཉལ་ཁྲི་ལས་བབ་རྩིས་ཐེངས་མང་བྱས་ཀྱང་བབས་མ་ཐུབ་པར་ཉལ་ཁྲི་ནས་ཟགས་ཡོད། དེ་གར་མཉམ་དུ་སྡོད་མཁན་རྒན་རྒོན་ཞིག་གིས་བརྗོད་དོན། ལྟ་སྐྱོང་བས་ཀྲང་ཆེ་གེ་མོ་ཡར་སྐྱོར་ནས་ཉལ་ཁྲིའི་སྒང་ལ་བཞག་སོང་། སྐབས་དེ་དུས་གནས་ཚུལ་གང་ཡང་མི་འདུག དགོང་མོ་ཀྲང་ཆེ་གེ་མོ་གཟུགས་པོ་མི་བདེ་བ་བྱུང་བ་དང་། ལྟ་སྐྱོང་བས་ལམ་སེང་ནང་མི་དང་འབྲེལ་བ་བྱས་པ་མ་ཟད། ད་དུང་མྱུར་སྐྱོབ་ཁ་པར་ཡང་བརྒྱབ་ཡོད། རྗེས་སུ་ཀྲང་ཆེ་གེ་མོ་དགོང་མོ་དེ་རང་ལ་ཚེ་ལས་འདས། རྩད་གཅོད་བྱས་པ་བརྒྱུད། ཀྲང་ཆེ་གེ་མོའི་ཁང་པའི་ནང་གི་འབོད་བརྡ་གཏོང་ཆས་ཉལ་ཁྲི་དང་ཅུང་ཐག་རིང་པོ་ཡོད་པས། ཀྲང་ཆེ་གེ་མོའི་ཤུལ་འཛིན་པ་ཀྲའོ་ཆེ་གེ་མོས་རྒན་གསོའི་ཞབས་ཞུ་ལྟེ་གནས་ཀྱིས་གན་རྒྱའི་ཁ་ཆད་འོས་འགན་མ་སྒྲུབ་པ་རྒྱུ་མཚན་དུ་བྱས་ཏེ། ཞུ་གཏུག་བརྒྱབ་ནས་རྒན་གསོའི་ཞབས་ཞུ་ལྟེ་གནས་དེས་གྱོང་གུན་གསབ་རྒྱུའི་རེ་བ་བཏོན་པ་རེད།
ཞིབ་གཅོད་ཁྲིམས་ཁང་གིས་ཀྲང་ཆེ་གེ་མོ་ལོ་96ལ་སླེབས་པ་མ་ཟད། གཅིན་པ་མངར་འགྱུར་གྱི་ནད་དང་སྙིང་ནད་སོགས་གཅོང་ནད་ཀྱང་ཕོག་ཡོད། ཁོ་པ་ཉལ་ཁྲི་ནས་ཟགས་པ་དང་ཤི་བའི་བར་ལ་ཆུ་ཚོད་ཁ་ཤས་སོང་ཞིང་། ལྟ་འདོམས་བརྙན་ལམ་ནས་ཁོ་པ་སར་འགྱེལ་རྗེས་རྣམ་ཀུན་བཞིན་ལས་ལུས་པོར་སྐྱོན་ཆག་བྱུང་བའི་རྟགས་མཚན་མངོན་གསལ་དོད་པོ་མེད་པ་མཐོང་ཐུབ། ད་ཡོད་ཀྱི་དཔང་རྟགས་ལས་ཀྲང་ཆེ་གེ་མོ་ཉལ་ཁྲི་ནས་ཟགས་པ་དང་ཁོ་པ་ཤི་བའི་བར་ལ་ཐད་ཀའི་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ་ར་སྤྲོད་ཁུངས་བཙན་ཐུབ་ཀྱི་མེད་མོད། འོན་ཀྱང་རྒན་རྒོན་ལ་ཆེད་མངགས་བཅོལ་གསོ་དང་། ནད་སྐྱོང་། དྲག་སྐྱེད་སོགས་ཀྱི་ཞབས་འདེགས་ཞུ་མཁན་ཞིག་ཡིན་པའི་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུ་སྒྲིག་གཞི་ཡིན་པའི་རྒན་གསོའི་ཞབས་ཞུ་ལྟེ་གནས་འདིས། འབོད་བརྡ་གཏོང་ཆས་སྒྲིག་སྦྱོར་བྱེད་ས་ཐག་རིང་བའི་རྐྱེན་གྱིས་ཀྲང་ཆེ་གེ་མོར་རོགས་རམ་དུས་ཐོག་ཏུ་ཐོབ་མེད་པ་དང་། རྒན་གསོའི་ཞབས་ཞུ་ལྟེ་གནས་འདིས་གན་རྒྱའི་ནང་དུ་འཁོད་པའི་གཟབ་གཟབ་ནན་ནན་བྱ་རྒྱུའི་འོས་འགན་སྒྲུབ་ཐུབ་མེད་པས། རང་འགན་གཙང་སྒྲུབ་མི་ཐུབ་པའི་ཁ་ཆད་དང་འགལ་བའི་འགན་འཁྲི་ཁུར་དགོས་ཀྱི་ཡོད། དེས་ན་རྒན་གསོའི་ཞབས་ཞུ་ལྟེ་གནས་འདིས་སྐྱིན་ཚབ་10%འཇལ་རྒྱུའི་འགན་ཁུར་དགོས་པའི་ཁྲུན་ཐག་གཅོད་རྒྱུའི་ངོས་འཛིན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་ཁྲིམས་ཁང་གིས་རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། འདྲི་གཅོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་གཞིས་ཆགས་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་གྱི་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་དང་། དབུ་དཀར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ། རྒན་རྒོན་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བར་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་བྱ་རྒྱུ་བཅས་རེད།(སྤེན་ཚེ་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)