ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། མེ་ཧྲི་ཞུང་དང་། ལི་ཧྭ། ཁྲེན་ཧྲང་ཚའེ། ཁྲེན་ཙེ་ཕུང་།
བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པའི“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་གྲགས་པའི་ས་ཆ་དེར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་གྱི་ཡོད། བྱང་ནས་ལྷོ་བར་ཁུ་ནུ་རི་བོའི་རི་རྒྱུད་དང་། གངས་དཀར་ཏི་སེའི་རི་རྒྱུད། ཧི་མ་ལ་ཡའི་རི་རྒྱུད་བཅས་རིམ་པ་བཞིན་འགྱིང་ངེར་གནས་ཡོད།
དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རེད། དེ་གར་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་རྒྱལ་སྲུང་མཐའ་སྲུང་གི“ལེ་དབར་ཁྲི་ཡི་ལྕགས་རི་རིང་པོ”བསྐྲུན་ཡོད། མཐའ་སྲུང་དཔོན་དམག་དང་། ལས་བྱེད་པ་དང་མང་ཚོགས། གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་སོགས་མཐའ་སྲུང་སྟོབས་ཤུགས་ཁག་གིས་དཀའ་ངལ་ལ་མི་སྐྲག་པར་ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་དཔའ་ངར་ཆེན་པོས་ཕྲག་ཐོག་ཏུ་ཁུར་ཏེ་མི་སེམས་འགུལ་བའི་དུས་རབས་གསར་པའི་རྒྱལ་སྲུང་མཐའ་སྲུང་གི་ལེའུ་གསར་པ་མང་པོ་བརྩམས་ཡོད།
སྔོན་སྐྱོད་ལེན་གྱིས་བཏབ་པའི་རྒྱ་ལྕང་སྡོང་རྐང་གཅིག
པེ་ཅིང་དང་བར་ཐག་སྤྱི་ལེ་4500ལྷག་ཙམ་ཆོད་པའི་མངའ་རིས་ས་ཁུལ་དུ་སྔོན་ཆད་ཀྲུང་དབྱང་དམག་ཨུད་ཀྱིས“གངས་ལྗོངས་ས་མཐོའི་མཐའ་སྲུང་དཔེ་བཟང་ལེན”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པའི་དཔའ་བོའི་ལེན་ཞིག་ཡོད་པ་དེ་ནི་བཀྲ་ཤིས་སྒང་མཐའ་སྲུང་ལེན་རེད། བརྒྱ་ཤོག་དེའི་སྒོ་ཁར་ཡལ་འདབ་ལྷུག་པོར་རྒྱས་པའི“སྔོན་སྐྱོད་ལེན་གྱི་རྒྱ་ལྕང”སྡོང་རྐང་ཞིག་ཡོད་པ་དེ་མཐའ་སྲུང་དཔོན་དམག་དང་འགྲོགས་ནས་རྒྱལ་སྲུང་མཐའ་སྲུང་བྱེད་བཞིན་མཆིས།
1951ལོའི་ཟླ་8པར། བོད་སྐྱོད་སྔོན་སྐྱོད་ལེན་གྱི་བརྒྱ་དཔོན་གཞོན་པ་ཕེང་ཆིང་ཡུན་གྱིས་འཐབ་འཛིང་པ་ཚོའི་སྣེ་ཁྲིད་དེ་བཀྲ་ཤིས་སྒང་དུ་སྐོར་གཡེང་བྱེད་སྐབས་ཁ་ཕྱོགས་འབྱེད་པ་དང་ས་ཆར་རྟགས་རྒྱག་ཆེད་འདི་གར་རྒྱ་ལྕང་རྐང་གཅིག་བཙུགས་ཤིང་། མཐའ་སྲུང་ལེན་གྱིས་དེར“སྔོན་སྐྱོད་ལེན་གྱི་རྒྱ་ལྕང”ཞེས་འབོད་ཀྱི་ཡོད།
རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གངས་དཀར་ཏི་སེའི་རི་རྒྱུད་འབྲེལ་མཚམས་ཀྱི་མུ་མཐའ་མེད་པའི་གངས་རིའི་རི་རྒྱུད་དུ་གནས་ཤིང་། གངས་ཆེན་པོ་འབབ་པའི་དུས་སུ་ལས་བྱེད་པ་དང་མང་ཚོགས་2000ལྷག་ཙམ་གྱིས་རི་གསེབ་བརྟན་སྲུང་དང་། ཕྱུགས་རིགས་འཚོ་བ། སྐོར་གཡེང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བཅས་བྱེད་ཀྱི་ཡོད།
བཀྲ་ཤིས་སྒང་མཐའ་མཚམས་མངགས་གཏོང་ཁང་གི་སྒོ་འགྲམ་གྱི“དམངས་ཕན་གྱང”ལ་གསར་འགོད་པས་དོ་སྣང་ཆེན་པོ་བྱུང་། དེའི་ཐོག་ཏུ་མངགས་གཏོང་ཁང་དེའི་མི་དམངས་ཉེན་རྟོག་པ་ཚང་མའི་འདྲ་པར་དང་འབྲེལ་གཏུག་བྱེད་སྟངས་འཁོད་ཡོད། མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཡང་གོ་ཆང་གིས། མི་དམངས་ཉེན་རྟོག་པ་ཚོས་ལོ་ལྟར་མང་ཚོགས་དང་མཉམ་དུ་སྤྱི་ལེ་ངོས་གྲུ་3080ཟིན་པའི་ས་ཆར་སྐོར་གཡེང་བྱེད་ཀྱི་ཡོད། དམག་མིའི་ངར་སེམས་ལ་སྐུལ་མ་ཐེབས་པ་དང་མང་ཚོགས་དང་འབྲེལ་བ་བྱེད་བདེ་པོ་ཡོང་ཆེད“དམངས་ཕན་གྱང”དེ་ཆེད་མངགས་བཟོས་པ་རེད་ཅེས་བརྗོད།
ལོ་70ལྷག་ཙམ་གོང་བོད་སྐྱོད་སྔོན་སྐྱོད་ལེན་གྱིས་བཙུགས་པའི་རྒྱ་ལྕང་དེ་ད་ཆ་གྲོང་ཁྱེར་སྔོ་འགྱུར་དང་། སྐྱེ་ཁམས་བཅོས་སྐྱོང་། འབབ་འཕར་ཕྱུག་འགྱུར་བཅས་ཀྱི་ཤིང་རིགས་གཙོ་བོ་ཡིན་པའི་ངོས་ནས་མང་ཚོགས་ཉེ་འགྲམ་གྱི“ཕྱུག་འགྱུར་རྒྱ་ལྕང”ཞིག་ལ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་རྒྱ་ལྕང་སོགས་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྡོང་ཕྲུག་རྟེན་གཞི་128བསྐྲུན་པ་དང་། སྡོང་ཕྲུག་མུའུ་ཁྲི་2.29བཏབ་པ། 2023ལོར་སྡོང་ཕྲུག་རྐང་ཁྲི་218.9བཏབ་ཡོད།
ས་གཞི་དེའི་སྟེང་གི་དམག་དམངས་ཚོས་རྒྱ་ལྕང་དང་འདྲ་བར་འཁྲུག་ཆ་དོད་པའི་གྲོང་ཁྱེར་དང་བྲལ་ནས་གངས་རིའི་རི་གསེབ་ཏུ་གཞིས་ཆགས་ཏེ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་ཞུམ་པ་མེད་པར་རང་སྲོག་བློས་བཏང་ནས་རྒྱལ་སྲུང་མཐའ་སྲུང་གི“ལེ་དབར་ཁྲི་ཡི་ལྕགས་རི་རིང་པོ”བསྐྲུན་ཡོད།
“སྟོབས་ཤུགས་གསར་པ”ཞིག་འཚར་ལོངས་བྱུང་བ།
སྤུ་ཧྲེང་རྫོང་རྨ་བྱ་རོང་ཁུལ་དུ་ཐལ་རྡུལ་གྱིས་གཡོགས་པའི་ས་ཆ་ཞིག་ཡོད་པ་དེ་ནི་སྤུ་ཧྲེང་རྫོང་མཐའ་སྲུང་ལེན་རེད། བརྒྱ་ཤོག་དེ་1951ལོར་བོད་སྐྱོད་སྔོན་སྐྱོད་ཡན་ལག་རུ་ཁག་དང་བོད་སྐྱོད་སྔོན་སྐྱོད་ལེན་གྱིས་མངའ་རིས་ས་ཁུལ་དུ་བཙུགས་པའི་བརྒྱ་ཤོག་དང་པོ་དེ་རེད།
བརྒྱ་ཤོག་ཏུ་གསར་འགོད་པས་མཐའ་སྲུང་དཔོན་དམག་ཚོ་དང་མཉམ་དུ་གངས་རིའི་ལ་ཉག་གི་སྐོར་གཡེང་བྱེད་སར་བསྐྱོད་དེ་ཁོང་ཚོས་ལས་སྒྲུབ་སྦྱོང་བརྡར་བྱེད་པར་ལྟ་བཞིན་ས་བབ་མཐོ་ས་བརྟན་སྲུང་བྱེད་པའི་ཁོང་ཚོའི་སྐྱིད་གསུམ་སྡུག་གསུམ་གྱི་འཚོ་བར་ཉམས་ལེན་བྱས་པ་ཡིན། བརྒྱ་དཔོན་ཀྲང་ཧའོ་ནན་གྱིས་གསར་འགོད་པར། ཉེ་བའི་ལོ་5ཡི་རིང་དཔུང་སྡེར་ཞུགས་པའི་འཐབ་འཛིང་པ་ཚང་མ་ནི“90ནང་སྐྱེས”དང“00ནང་སྐྱེས”ཀྱི་སློབ་གྲྭ་ཆེ་མོ་བ་ཤ་སྟག་རེད་ཅེས་བརྗོད།
ལོ་22ལ་སླེབས་པའི་མོང་ཀྲི་ཁྲེང་སློབ་ཆེན་ལོ་རིམ་དང་པོ་འགྲིམ་རྗེས་དཔུང་སྡེར་ཞུགས་ནས་སྤུ་ཧྲེང་རྫོང་མཐའ་སྲུང་ལེན་དུ་ཡོང་།“དཔུང་སྡེར་ཞུགས་པའི་རེ་འདུན་རེའུ་མིག་རྒྱོང་སྐབས་ངས་བོད་སོགས་དཀའ་ཚེགས་ཆེ་བའི་ས་ཆ་བདམས་པ་ཡིན། མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་ཐུབ་པས་རང་ཉིད་ལ་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་མོང་ཀྲི་ཁྲེང་གིས་བརྗོད།
དུས་རབས་གསར་པར་གཞོན་ནུ་ཤེས་ཡོན་ཅན་ས་མཐོར་སྐྱོད་པ་དང་རྒྱལ་སྲུང་མཐའ་སྲུང་གི་དཔུང་སྡེར་ཞུགས་པས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་བྱུང་ཡོད།
ནུབ་རྒྱུད་འཐབ་ཁུལ་སྐམ་དམག་ལུའེ་ཤོག་གཅིག་གི་ཞབས་ཞུ་འགན་ལེན་སྒར་སའི“བུད་མེད་དམག་མི”མཐོང་སྐབས་ཁོང་ཚོས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་བཅའ་སྡོད་བྱ་ཡུལ་དུ་རྒྱུན་གཏན་གྱི་སྦྱོང་བརྡར་བྱེད་བཞིན་འདུག “འདི་གར་བུད་མེད་དམག་མི་ཆུང་ཤོས་ལོ་18དང་ཆེ་ཤོས་ལོ་29ཡིན་པ་ཚང་མ་སློབ་གྲྭ་ཆེ་མོ་བ་ཤ་སྟག་རེད”ཅེས་ཧྥུའུ་ཅན་ཀྲུང་ལུགས་གསོ་རིག་སློབ་ཆེན་ནས་ཐོན་པའི་ཀྲུང་ཧྲི་ཡའོ་ཅུན་མེ་ཡིས་སྤོབས་སེམས་ཆེན་པོས་ངོ་སྤྲོད་བྱས།
མཐའ་སྲུང་ལམ་བུར་ན་གཞོན་གྱི་སྟོབས་ཤུགས་ནམ་ཡང་གནས།
ཉེ་བའི་ལོ་ཤས་རིང་། མཐའ་མཚམས་ས་ཁུལ་གྱི“ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ། ཚན་རིག སློབ་གསོ། རིག་གནས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང”སོགས་དམངས་འཚོའི་འདུ་འགོད་ཟམ་མི་ཆད་པར་གོང་མཐོར་སོང་བ་དང་བསྟུན་ནས་ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་དུ་ལོག་པ་དང་འཇོན་ཐང་ལྡན་པའི་གཞོན་ནུ་ཁག་གཅིག་མཐའ་མཚམས་སུ་གཞིས་ཆགས་ཏེ་མཐའ་སྟོབས་མཐའ་བརྟན་གྱི་ལས་དོན་ལ་ཞུགས་ཡོད།
“སྔོན་ཆད་སྐོར་གཡེང་བྱེད་སྐབས་རྟ་བཞོན་པའམ་ཡང་ན་རྐང་ཐང་མར་བསྐྱོད་དགོས་པས་ཉིན་གསུམ་ནང་གཞི་ནས་སྲིབ་སྐྱིད་འབྲོག་རར་འབྱོར་གྱི་ཡོད”ལོ་བརྒྱད་ཅུ་ལྷག་ཙམ་ལ་སླེབས་པའི་བསོད་ནམས་རྡོ་རྗེ་ནི་ཚོ་སྲིབ་གསུམ་དཀྱིལ་ཤང་བྲག་ཁ་གྲོང་ཚོ་མཁར་རྭ་ཚོགས་ཆུང་གི་བགྲེས་སོང་ཞིག་རེད་ལ་མཐའ་སྲུང་རུ་མི་ཞིག་ཀྱང་རེད། ད་ཆ་ཁོང་གི་བུ་ཚེ་དཔལ་ཡེ་ཤེས་དང་ཨོ་དཔའ་གཉིས་ཀྱིས་པ་ཕའི་ལས་ཀའི་རྒྱུན་མཐུད་ཡོད། “ཁྱེད་ཚོ་ན་གཞོན་ཚོས་དུས་རབས་གསར་པའི་མཐའ་སྲུང་རྒྱལ་སྲུང་གི་ལས་འགན་མུ་མཐུད་སྒྲུབ་དགོས”ཞེས་བསོད་ནམས་རྡོ་རྗེས་རྟག་ཏུ་བུ་གཉིས་ལ་མངག་བཅོལ་ཡང་ཡང་བྱེད་ཀྱི་ཡོད།
རྩྭ་མདའ་རྫོང་བསྟི་ཡག་ཤང་སེར་གུང་ཚོགས་ཆུང་གི་བཀོད་སྒྲིག་བྱ་ཡུལ་དུ་ལོ་28ལ་སླེབས་པའི་ཉི་མ་ཚེ་རིང་འདི་ལོ་ནང་མི་དང་མཉམ་དུ་བར་ཐག་སྤྱི་ལེ་800ལྷག་ཙམ་ཆོད་པ་དང་ས་བབ་མཐོ་ཚད་སྨི་5900ལྷག་ཙམ་ཟིན་པའི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུང་མཚོ་ཤང་ནས་དེ་གར་སྤོས་པ་དང་། ཁོང་གི་ནང་མི་བཞི་ལས་གཅིག་མཐའ་བརྟན་རུ་མིར་གྱུར་པ་དང་གསུམ་མཐའ་དར་རུ་མིར་གྱུར་ཡོད།
སྙིང་སྟོབས་ཤིག་རྒྱུན་འཛིན་བྱས་པ།
1950ལོའི་ཟླ་8ཚེས་1ཉིན། བོད་ལྗོངས་མངའ་རིས་ས་ཁུལ་དུ་ཞི་བས་བཅིངས་འགྲོལ་གཏོང་བའི་ལས་འགན་ལེགས་སྒྲུབ་བྱ་ཆེད། མི་རིགས་7གྱི་འཐབ་འཛིང་པ་130ལྷག་ཙམ་ལས་གྲུབ་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤིན་ཅང་ཡུས་ཐེན་ནས་ཐོན། ཁོང་ཚོས་མི་རྣམས་ཧང་སངས་དགོས་པའི་སྙིང་རུས་ལ་བརྟེན་ནས་ལེ་དབར་སྟོང་གི་སར་བསྐྱོད་དེ་རྒྱལ་ཁའི་ངང་བོད་ཀྱི་ནུབ་བྱང་ས་མཐོར་དཔུང་སྐྱོད་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བོད་ཞི་བས་བཅིངས་འགྲོལ་གཏོང་བར་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད།
“1951ལོའི་ཟླ་6པའི་ཟླ་འགོར། བོད་སྐྱོད་སྔོན་སྐྱོད་ལེན་སྒེར་རྩེ་རྫོང་གྲ་མ་མང་པོ་ནས་ཐོན་ཏེ་ཟླ་མཇུག་ཏུ་སྤུ་ཧྲེང་རྫོང་དུ་འབྱོར་བ་དང་འདི་ག་ནི་བོད་སྐྱོད་སྔོན་སྐྱོད་ལེན་གྱི་སྒར་ཁུལ་རེད”ཅེས་མཐའ་སྲུང་འཐབ་འཛིང་པ་ཀྲོའུ་ཧྥན་ཡུས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས། ཏང་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། མཉམ་སྡེབ་ལ་འགན་འཁུར་བ། མི་སྒེར་ལ་འགན་འཁུར་བ་བཅས་ནི་བོད་སྐྱོད་སྔོན་སྐྱོད་ལེན་གྱི་སྔོན་བྱོན་པ་ཚོས་བཞག་པའི་བསམ་པའི་རྒྱུ་ནོར་རེད་ལ། མངའ་རིས་ས་ཁུལ་གྱི་མཐའ་སྲུང་བརྒྱ་ཤོག་ཁག་གི་བསམ་པའི་དོན་གཉེར་ཞིག་ཀྱང་རེད།
ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པ་དང་ལོ་གཅིག་ནང་ཉིན་300ཙམ་ལྷགས་པ་རིམ་པ་ལྔ་ནས་བདུན་བར་རྒྱག་གི་ཡོད་ཅིང་། རུ་ཐོག་རྫོང་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དེ་གར་གནས་ཡོད། ལོ་10ཡི་རིང་ཆུ་མིག་མཚོའི་ངོགས་སུ་དམག་འཐབ་བྱེད་མཁན་མི་དམངས་ཉེན་རྟོག་པ་བཞི་སྔ་རྗེས་སུ་ལས་གནས་ཐོག་རྐྱེན་ལམ་དུ་ཤོར།
གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ།
རྩྭ་མདའ་རྫོང་ས་རང་ཤང་དུ“དར་དམར་ཆུ་ཡུར”འདྲ་བའི་གཏམ་རྒྱུད་ཅིག་ཁྱབ་ཡོད། དུས་རབས་20པའི་ལོ་རབས་70པར། ཐན་པ་བསྟན་ནས་ཆུ་དཀོན་པའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། ས་གནས་དེ་གའི་དམག་དམངས་ཀྱིས་རྫས་མེ་བརྒྱབ་ནས་རི་རྐེད་དུ་རིང་ཚད་ལ་སྤྱི་ལེ་3ཡོད་པའི་འདམ་པ་ཆུ་ཡུར་བཟོས།
དཀའ་ཚེགས་ཆེ་བའི་ཆུ་ཡུར་བཟོ་བའི་ལོ་རྒྱུས་དེར་དྲན་གསོ་ཞུ་ཆེད། ལས་བྱེད་པ་དང་མང་ཚོགས་ཀྱིས་ཆུ་ཡུར་དེར“དཔའ་བོའི་ཆུ་ཡུར”ཞེས་བརྗོད་ཀྱི་ཡོད། ད་ཆའི་ས་རང་ཤང་དུ་ས་གནས་དེ་གའི་དམག་དམངས་ཚོས་ཁྱིམ་གཞིས་བསྐྲུན་པ་དང་མཐའ་མཚམས་སྲུང་བའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། མང་ཚོགས་དང་མཐའ་སྲུང་འཐབ་འཛིང་པ་ཆ་སྒྲིག་བྱས་ནས་མཉམ་སྐྲུན་མཉམ་སྦྱོང་དང་ཕན་ཚུན་རོགས་རམ་དང་གཅེས་སྐྱོང་གིས་མཉམ་དུ་མཐའ་མཚམས་བརྟན་སྲུང་བྱེད་བཞིན་ཡོད།
མཐའ་སྲུང་དཔོན་དམག་དང་། ལས་བྱེད་པ་དང་མང་ཚོགས། གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་སོགས་ཀྱིས་ཉིན་ནས་ཉིན་བར་དང་ལོ་ནས་ལོ་བར་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་སྐོར་གཡེང་བྱེད་པ་དང་། ཁོང་ཚོས་སྐད་གྲགས་མེད་པར་ཐག་རིང་ལུང་ཁུག་དང་ཡངས་ཤིང་རྒྱ་ཆེ་བའི་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་བཞིན་ཡོད། ཁོང་ཚོ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་སྲུང་བའི“ལྟ་སྲུང་བ”རེད་ལ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཡང་རེད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་18ཉིན་འབྱོར་བའི་གློག་འཕྲིན)
(ཉི་དོན་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)