ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཧྥུའུ་ཅན་མཚོ་ཐོག་ཉེན་རྟོག་ཅུས་ཀྱིས་མཚོ་ཐོག་ཁྲིམས་སྒྱུར་སྟོབས་ཤུགས་ཆེ་རུ་བཏང་ནས་ཞ་ཅིན་མཚོ་ཁོངས་སུ་རྒྱུན་རྣམ་ཅན་གྱི་ཁྲིམས་སྒྱུར་སྐོར་ཞིབ་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་དང་། དེར་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་ཀྲུའུ་ཧྥུང་ལེན་གྱིས། ཟླ་2ཚེས་14ཉིན། ཐའེ་དབན་ཕྱོགས་ཀྱིས་སྐམ་ས་ཆེ་མོའི་ཉ་གྲུ་གདུག་རྩུབ་ཆེན་པོས་ཕྱིར་ཕུད་དེ་ཉ་པ་2རྐྱེན་ལམ་དུ་ཤོར་བའི་མི་སྲོག་འབེན་འཛུགས་ཀྱི་སྤྱོད་ངན་ལས་སྐམ་ས་ཆེ་མོའི་ལས་རིགས་ཁག་ལ་ཁོང་ཁྲོ་ཆེན་པོ་བསླངས་ནས་ངོགས་གཉིས་ཀྱི་སྤུན་ཟླའི་དབར་གྱི་མཛའ་བརྩེར་གནོད་འཚེ་ཚབས་ཆེན་དང་ངོགས་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཆེན་པོ་བཟོས་ཡོད། སྐམ་ས་ཆེ་མོའི་མཚོ་ཐོག་ཉེན་རྟོག་སྡེ་ཚན་གྱིས་རྒྱུན་རྣམ་ཅན་གྱི་ཁྲིམས་སྒྱུར་སྐོར་ཞིབ་བྱ་སྤྱོད་སྤེལ་ཚེ་འབྲེལ་ཡོད་མཚོ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཐུབ་ནས་སྐམ་ས་ཆེ་མོའི་ཉ་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཐུབ་རྒྱུ་ཡིན་པས་ང་ཚོས་རྒྱབ་སྐྱོབ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)