《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月21日

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

《དངུལ་ཆད་གཏན་འཁེལ་དང་ལག་བསྟར་སྔར་བས་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་ཆེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དངུལ་ཆད་གཏན་འཁེལ་དང་ལག་བསྟར་སྔར་བས་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་སྲོལ་ནང་དངུལ་ཆད་གཏན་འཁེལ་དང་ལག་བསྟར་བྱ་རྒྱུའི་ཐད་ཐོག་མར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་དུ་བཏང་བ་རེད།

《བསམ་འཆར》ནང་བཏོན་དོན། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་དངུལ་ཆད་གཏན་འཁེལ་གྱི་དབང་ཆ་སྤྱོད་དགོས། སྲིད་གཞུང་གིས་ཁྲིམས་བཟོས་ནས་དངུལ་ཆད་གཏན་འཁེལ་གྱི་དབང་ཚད་ནན་སྲུང་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་སྐྱོན་ཆད་དོ་མཉམ་གྱི་རྩ་དོན་སྤྱོད་པ། དངུལ་ཆད་གསར་པ་བཟོ་བ་དང་དངུལ་ཆད་ཀྱི་གྲངས་འབོར་གཏན་འཁེལ་བྱེད་སྐབས་གུ་ཡངས་གཏོང་དགོས་རིགས་ལ་གུ་ཡངས་དང་ནན་པོ་བྱེད་དགོས་རིགས་ལ་ནན་པོ་བྱས་ནས་དོ་མི་མཉམ་པའི་གནས་ཚུལ་མི་ཡོང་བ་བྱེད་དགོས། སློབ་གསོ་དང་ཁ་ཏ་སློབ་སྟོན་བྱེད་པ་དང་། བཀའ་བཏང་ནས་ཡོ་བསྲང་བྱེད་པ། ཆ་འཕྲིན་ཁྱབ་བསྒྲགས་སོགས་ཀྱི་བྱ་ཐབས་སྤྱད་དེ་དོ་དམ་བྱེད་ཐུབ་རིགས་ལ། སྤྱིར་དངུལ་ཆད་གཅོད་མི་དགོས་པ་བཅས་རེད། ལུགས་མཐུན་ངང་དངུལ་ཆད་ཀྱི་གྲངས་འབོར་གཏན་འཁེལ་བྱས་ནས་ཚད་གཞི་ངེས་ཅན་གྱི་དངུལ་ཆད་གཏན་འཁེལ་བྱེད་སྐབས། དངུལ་ཆད་ཀྱི་གྲངས་འབོར་དམའ་ཤོས་དང་མཐོ་ཤོས་བར་ལ་སྤྱིར་ལྡབ་བཅུ་ལས་བརྒལ་མི་རུང་། དུས་བཀག་ནང་དངུལ་ཆད་ཀྱི་གཏན་འབེབས་ལ་ཚོད་སྐོར་དང་གཙང་བཤེར་བྱས་ནས་གཏན་འཁེལ་གྱི་དུས་ཚོད་ཅུང་སྔ་བ་དང་། དངུལ་ཆད་ཀྱི་གྲངས་འབོར་ཅུང་མང་བ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་མང་བ། ཁེ་ལས་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པ་བཅས་ལ་དངུལ་ཆད་གཅོད་པའི་གཏན་འབེབས་ལ་གཙོ་གནད་ཐོག་ཚོད་སྐོར་བྱེད་དགོས། དངུལ་ཆད་ཀྱི་གཏན་འབེབས་དུས་ཐོག་ཏུ་བཟོ་བཅོས་བརྒྱབ་ནས་མེད་པར་བཟོ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་དང་སྡེ་ཚན་གྱི་སྒྲིག་སྲོལ་ནང་གཏན་འཁེལ་བྱས་པའི་དངུལ་ཆད་ཀྱི་དོན་ཚན་མེད་པར་བཟོ་བའི་ཐག་བཅད་རིགས། གཏན་འབེབས་བཀྲམ་པའི་ཉིན་ནས་བཟུང་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་དང་སྡེ་ཚན་གྱི་སྒྲིག་སྲོལ་ནང་གི་འབྲེལ་ཡོད་དངུལ་ཆད་ཀྱི་གཏན་འབེབས་གནས་སྐབས་སྤྱོད་མཚམས་འཇོག་དགོས།

《བསམ་འཆར》ནང་ཁ་གསལ་བཟོས་དོན། དངུལ་ཆད་ལག་བསྟར་བྱེད་སྟངས་ནན་ཏན་ངང་ཚད་ལྡན་དུ་གཏོང་དགོས། སྲིད་འཛིན་ལས་ཁུངས་གང་རུང་ཞིག་གིས་ཀྱང་གང་བྱུང་དུ་དངུལ་ཆད་གཏོང་མི་ཆོག་ལ་གྲངས་འབོར་མཐོ་པོ་དེ་བས་གཏོང་མི་ཆོག མ་ཟད་ཁྲིམས་འགལ་བྱ་སྤྱོད་ཀྱི་ཚད་གཞི་དམའ་རུ་གཏོང་མི་ཆོག་ལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་ཆེར་ཡང་གཏོང་མི་ཆོག སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་དང་མཐུན་པར་གུ་ཡངས་དང་། ཡང་གཏོང་། ཆད་པ་མ་བཅད་པ། ཆད་པ་མི་ཆད་ན་འགྲིག་པ་སོགས་ཀྱི་གནས་ཚུལ་ལ་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་སྤྱད་ནས་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱེད་དགོས། དངུལ་ཆད་གཅོད་པ་སོགས་ཀྱི་ཆད་གཅོད་གསལ་ཐོ་བཟོ་བའམ་ཡང་ན་དངུལ་ཆད་གཏོང་རྒྱུ་ལག་བསྟར་བྱེད་སྐབས་ཆད་གཅོད་འོས་འཚམ་དང་ཁྲིམས་གཞི་མཉམ་འདྲེས་ཐུབ་པའི་འགན་ལེན་བྱེད་དགོས། ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་གནས་ས་ཐོག་མིན་པའི་ཁྲིམས་སྒྱུར་རྒྱུན་མཐུད་ཚད་ལྡན་དུ་བཏང་ནས་2024ལོའི་ཟླ་12པའི་ཟླ་མཇུག་གོང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁང)གིས་ཁྲིམས་སྒྱུར་རིགས་ཀྱི་གློག་རྡུལ་ལག་རྩལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་གཙང་བཤེར་དང་ཚད་ལྡན་བཟོ་བའི་ལས་དོན་ལེགས་སྒྲུབ་བྱེད་དགོས།

《བསམ་འཆར》ནང་བླང་བྱ་བཏོན་དོན། དངུལ་ཆད་ལ་ལྟ་སྐུལ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། འབྱུང་རྩ་ནས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་ཐོག་དོ་ཁུར་བྱེད་ཤུགས་ཆེ་བ་དང་། ཞུ་གཏུག་དང་ཐེར་འདོན་གོང་ཞུ་སྡེབ་གཅིག་ཏུ་བྱེད་པ། ཁྲིམས་འགལ་བྱ་སྤྱོད་ཡང་སེ་ཐོན་པ་སོགས་ཀྱི་དངུལ་ཆད་གཅོད་པའི་གནད་དོན་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་མཐའ་དཔྱོད་བྱས་ནས་དོ་དམ་བྱ་ཐབས་ལེགས་སུ་གཏོང་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་གྱོད་དོན་རེ་རེ་བཞིན་ཞིབ་གཅོད་བྱེད་པ་ནས་རིགས་འདྲའི་གྱོད་དོན་དོ་དམ་བྱེད་པ་དང་། དེ་ནས་མ་ལག་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། “གྱོད་དོན་གཅིག་ཐག་གཅོད་དང་། རིགས་གཅིག་བཅོས་སྐྱོང་། ཁྱབ་ཁོངས་གཅིག་ལ་ཤུགས་རྐྱེན་ཐེབས་པ”བཅས་མངོན་འགྱུར་བྱེད་དགོས། ནོར་རྩིས་ལ་རྩིས་བཤེར་ལྟ་སྐུལ་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དངུལ་ཆད་གཅོད་པའི་ཡོང་འབབ་ལུགས་དང་མི་མཐུན་པར་འཕར་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། དངུལ་ཆད་གཅོད་པའི་ཡོང་འབབ་རྒྱུན་གཏན་དང་མི་འདྲ་བར་འགྱུར་ལྡོག་འགྲོ་བར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁུལ་གཅིག་པ་དང་སྡེ་ཚན་གཅིག་པའི་དངུལ་ཆད་གཅོད་པའི་ཡོང་འབབ་དུས་མཚུངས་དང་བསྡུར་ན་རྒྱུན་གཏན་དང་མི་འདྲ་བར་མང་དུ་འགྲོ་བ་བཅས་ལ་དགོས་ངེས་སྐབས་ས་གནས་ས་ཐོག་ཏུ་ཞིབ་བསྡུར་བྱེད་དགོས། ལྟ་སྐུལ་བྱེད་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་དང་། སྒྲིག་སྲོལ་ཐོ་འགོད་ཞིབ་བཤེར། སྲིད་འཛིན་བསྐྱར་གྲོས་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)