《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月20日

“འདི་གར་ཕ་ཡུལ་བཞིན་ཡངས་ཤིང་རྒྱ་ཆེན་པོ་འདུག”

—— བོད་རིགས་ལུས་རྩལ་པ་ཚོ“རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི”འགྲན་རར་ཞུགས་པའི་སྐོར་བཀོད་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ལིན་ཧའེ་དང་ཨེན་ཧའོ།

འགྲན་རའི་མཐའ་སྣེར་འབྱོར་སྐབས་ཆོས་བཟང་སྒྲོལ་མས་དབུགས་ཧལ་བཞིན་གངས་ཤུད་དབྱུག་པ་གཡུགས་ཏེ་གངས་ཁྲོད་དུ་ཉལ་ནས་བསྡད། “དཀའ་ལས་ཧ་ཅང་ཁག་པོ་བྱུང་། དེ་རིང་གི་འགྲན་བསྡུར་དེ་ངའི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་རེད་འདུག”ཅེས་ལོ་19ལ་སླེབས་པའི་བོད་རིགས་བུ་མོ་དེས་དེ་ལྟར་བརྗོད།

ཚེས་15ཉིན། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་དགུན་དུས་ལུས་རྩལ་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་ཉིན་མོ་ཐོག་མ་དེ་ཡིན་ཞིང་། ཉིན་དེར་ནང་སོག་ཝུའུ་ལན་ཁྲ་པུའུ་ལེང་གྲོང་ཁྱེར་གྱི་འགྲན་ཁུལ་དུ་གནམ་གཤིས་ཅུང་དྲོ་རུ་ཕྱིན་པ་དང་། རུ་མི་ཚོ་སྙིང་སྟོབས་རབ་ཏུ་འཕེལ་བའི་ངང་གངས་ཤུད་རྒྱུག་ལམ་ཐོག་བསྐྱོད།

ཐོག་མར་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་ཀྱི་སྤྱི་ལེ་7.5ཡི་ཐག་ཐུང་འགྲན་བསྡུར་ཁྲོད་མཐའ་བསྡུར་ནང་ཞུགས་མཁན་རུ་མི་30ཡིས་གངས་ཤུད་ཁྲོད་རིམ་པ་བཞིན་ཉལ་མདའ་དང་ལངས་མདའི་འགྲན་བསྡུར་བྱས། མཐར་ཧོ་པེ་རུ་ཁག་གི་བདམས་ཐོན་པ་ཁྲུའུ་ཡོན་མོང་གིས་ཨང་དང་པོ་བླངས་པ་དང་རྒྱལ་ཡོངས་ཀྱི་འགྲན་བསྡུར་ནང་ཐོག་མར་ཞུགས་མཁན་ཆོས་བཟང་སྒྲོལ་མ་ཨང་15ལ་སླེབས་ཡོད་པ་རེད། “ཆུ་ཚད་འབྲིང་ཙམ་ཡིན་པས། མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་ཆོས་བཟང་སྒྲོལ་མས་བརྗོད།

ཆོས་བཟང་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཁོ་ལུའུ་ཁོ་གྲོང་རྡལ་ནས་ཡིན་ཞིང་། ལོ་13ལ་སླེབས་སྐབས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་བསྐྱོད་ཅིང་། དུས་ཡུན་རིང་པོའི་ནང་རྒྱང་རྒྱུག་སྦྱོང་བརྡར་བྱས་པ་བརྒྱུད་དགུན་དུས་ལུས་རྩལ་རྣམ་གྲངས་གཉིས་སྦྱོང་འགོ་ཚུགས།

མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ལུས་རྩལ་རྣམ་གྲངས་གཉིས་ཀྱི་རུ་ཁག་གི་རྩལ་ཁྲིད་པ་ལི་ཅུན་ཡེ་ཡིས། རུ་མི་ཚོ་དུས་རྒྱུན་སྦྱོང་བརྡར་བྱེད་སའི་མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་ས་བབ་མཐོ་ཚད་སྨི་2000ལྷག་ཙམ་ཟིན་པས་དེ་ནི་སྙུགས་ཤེད་རྣམ་གྲངས་ཀྱི་སྦྱོང་བརྡར་ལ་ཧ་ཅང་འཚམ་པོ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གོང་ས་མཐོའི་གངས་འཁྱགས་རུ་ཁག་འཛུགས་ཆེད། ཆོས་བཟང་སྒྲོལ་མ་དང་འདྲ་བའི་ཕྲུ་གུ་མང་པོ་ཞིག་ས་མཚམས་སྒྲོལ་ནས་དགུན་དུས་ཀྱི་རྣམ་གྲངས་གཉིས་དང་བྱེས་བགྲོད་གངས་ཤུད་སོགས་ཀྱི་དཔུང་ཁག་ནང་ཞུགས་ཡོད་ཅེས་བརྗོད།

“བོད་རིགས་ཕྲུ་གུར་དམིགས་བསལ་དུ་ཡོད་པའི་གཞུང་དྲང་བབ་ཆགས་དང་སྙིང་རུས་ཆེན་པོ་ལས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། མ་གཞི་ང་ཚོའི་དཔུང་ཁག་འཛུགས་པའི་དུས་ཚོད་ཕྱིས་ཙམ་ཡིན་མོད། འོན་ཀྱང་རུ་མི་ཚོ་འཚར་ལོངས་མྱུར་བ་དང་ཟམ་མི་ཆད་པར་རང་ཉིད་ལས་རྣམ་པར་རྒྱལ་ནས་ས་མཐོའི་གངས་འཁྱགས་ལུས་རྩལ་དཔུང་ཁག་དེ་བས་སྟོབས་ཆེ་རུ་ཕྱིན་ཡོད”ཅེས་ལི་ཅུན་ཡེ་ཡིས་བརྗོད།

ལུས་རྩལ་གྱི་ཕུགས་འདུན་ནི་ལམ་སྟོན་གྱི་སྒྲོན་མེ་ཞིག་དང་འདྲ་བར་མཚོ་བོད་ས་མཐོའི་ཕྲུ་གུ་ཚོར་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུར་གདམ་ག་དེ་བས་མང་བ་བྱུང་ཡོད། ཆོས་བཟང་སྒྲོལ་མར་ཆ་མཚོན་ན“དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ”འཚོག་ཡུལ་ནང་སོག་ལ་རྒྱུས་མངའ་ཆེན་པོ་ཡོད། ལོ་རེའི་དགུན་ཁའི་སྦྱོང་བརྡར་དུས་སུ་ཁོང་ཚོའི་རུ་ཁག་དུས་ཚོད་མང་ཆེ་བ་ཧུའུ་ལུན་པེར་གྱི་ཡ་ཁུ་ཧྲི་གྲོང་ཁྱེར་དུ་སྦྱོར་བརྡར་བྱེད་ཀྱི་ཡོད།

“འདི་གའི་བབ་ཆགས་ལ་དགའ་པོ་ཡོད། ཕ་ཡུལ་བཞིན་ཡངས་ཤིང་རྒྱ་ཆེན་པོ་འདུག”ཅེས་ཆོས་བཟང་སྒྲོལ་མས་སེམས་འགུལ་ཐེབས་བཞིན་བརྗོད།

ཉིན་དེར་སྤེལ་བའི་དགུན་དུས་རྣམ་གྲངས་གཉིས་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་སྐྱེས་པའི་སྤྱི་ལེ་10ཡི་ཐག་ཐུང་འགྲན་བསྡུར་ཁྲོད་མཚོ་སྔོན་ནས་ཡིན་པའི་བོད་རིགས་ལུས་རྩལ་པ་དོན་གྲུབ་རྡོ་རྗེར་ཨང་29ལས་ཐོབ་མེད་མོད། འོན་ཀྱང་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་ནས་ཡོང་བའི་ན་གཞོན་དེས་འགྲན་བསྡུར་ཆེ་མོའི་ཁྲོད་ཞུགས་ཐེངས་རེ་རེ་ནི་འཚར་ལོངས་ཀྱི་གོ་སྐབས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

ལོ་23ལ་སླེབས་པའི་དོན་གྲུབ་རྡོ་རྗེས་རྒྱང་རྒྱུག་དང་བྱེས་བགྲོད་གངས་ཤུད་སྦྱངས་མྱོང་ཡོད། མཐར་དགུན་དུས་ལུས་རྩལ་རྣམ་གྲངས་གཉིས་བདམས་པ་རེད། ཆུང་དུས་ནས་ས་མཐོར་འཚར་ལོངས་བྱུང་བའི་ཁོང་གིས་གངས་ལ་དམིགས་བསལ་གྱི་བརྩེ་སེམས་བཅངས་ཡོད། ཆུང་དུས་གྲོགས་པོ་ཚོ་དང་མཉམ་དུ་འཁྱག་ཤུད་གློད་པའི་རྣམ་པ་དེ་ནི་ཁོང་གི་མཛེས་སྡུག་ལྡན་པའི་བྱིས་དུས་ཀྱི་དྲན་ཤེས་ཤིག་རེད།

“ངའི་ངོས་ནས་བརྗོད་ན། རྣམ་གྲངས་དེའི་འགྲན་སློང་ཆེ་ཤོས་ནི་འགུལ་སྡོད་བརྗེ་རེས་བྱེད་རྒྱུ་དེ་རེད། ང་ཚོས་འཁྱག་ཤུད་གློད་པའི་བརྒྱུད་རིམ་ནང་ཚ་ཁ་གནད་ལ་འཁེལ་པོས་འཕེན་དགོས། དེ་ལས་གཟུགས་པོའི་བྱང་ཚད་ལ་ཚོད་བགམ་བྱེད་པ་མ་ཟད། ད་དུང་འཕེན་རྩལ་ཡང་བྱང་ཆུབ་པ་ཞིག་དགོས”ཞེས་དོན་གྲུབ་རྡོ་རྗེས་བརྗོད།

(ཉི་དོན་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)