ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབང་སྐྱོན་གྱི་གཞི་རྩའི་རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ་བྱེད་པར་ཁ་གསབ་ལག་བསྟར་བྱ་ཐབས་བཏོན་པ་རེད། ད་བར་རང་རྒྱལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཚང་མས་སྲིད་ཇུས་དེ་བཏོན་པས། རྒྱལ་ཡོངས་དབང་སྐྱོན་གྱི་གཞི་རྩའི་རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ་བྱེད་པའི་ཞབས་ཞུར་ལམ་ལུགས་ཅན་གྱི་འགན་ལེན་རགས་ཙམ་ཐུབ་ཡོད།
རམ་འདེགས་ཡོ་བྱད་ཅེས་པ་ནི་དབང་སྐྱོན་གྱི་དབང་པོའི་ནུས་པ་རྒྱུན་འཁྱོངས་དང་ལེགས་སུ་གཏོང་བའི་དངོས་པོ་དང་། སྒྲིག་ཆས། མཉེན་ཆས་བཅས་ཀྱི་སྤྱི་མིང་རེད། རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ་ཞེས་པ་ནི་དབང་སྐྱོན་གྱི་བདེ་ཐང་སླར་གསོ་བྱེད་པའི་ཞབས་ཞུའི་ནང་དོན་གལ་ཆེན་ཞིག་རེད་ལ། དབང་སྐྱོན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་དབང་སྐྱོན་གྱིས་རང་རྐྱ་འཕེར་བའི་ངང་འཚོ་བ་སྐྱེལ་བ་དང་སྤྱི་ཚོགས་ནང་ཞུགས་པའི་ནུས་པ་ཆེ་རུ་གཏོང་བའི་ལག་རྩལ་གྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2021ལོར་བཀྲམ་པའི《“ལོ་ལྔ་ཚན་བཅུ་བཞི་པའི”དབང་སྐྱོན་གྱི་འགན་ལེན་དང་འཕེལ་རྒྱས་ཀྱི་འཆར་འགོད》ནང“ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་སྐྱོན་དང་དབང་སྐྱོན་ཚབས་ཆེན་ལ་གཞི་རྩའི་རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ་སྤྲོད་པར་ཁ་གསབ་སྤྲོད་དགོས་པ”བཏོན་ཡོད། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག་དུས་འགོར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)11གིས་འབྲེལ་ཡོད་སྲིད་ཇུས་བཏོན་པའི་རྨང་གཞིའི་ཐོག་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)20དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་དོན་དངོས་ལ་གཞི་ཚུགས་ཏེ་ས་གནས་དེ་གའི་དབང་སྐྱོན་གྱི་གཞི་རྩའི་རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ་སྤྲོད་པར་ཁ་གསབ་སྲིད་ཇུས་ཞིབ་འཇུག་དང་བཟོ་ཚད་མགྱོགས་སུ་བཏང་བ་རེད།
ཁ་གསབ་སྤྲོད་ཡུལ་ཐད་ས་ཁུལ་ཁག་གིས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་སྐྱོན་ཁྱིམ་ཚང་དང་དབང་སྐྱོན་ཚབས་ཆེན་སྔོན་ལ་ཁ་གསབ་སྤྲོད་ཡུལ་གྱི་ཁོངས་སུ་བཞག་ཡོད། ཞིང་ཆེན་མང་ཆེ་བས་ཁ་གསབ་སྤྲོད་ཡུལ་དེ་ས་གནས་དེ་གའི་ལག་ཁྱེར་ཡོད་པའི་དབང་སྐྱོན་དང་གཏན་འབེབས་དང་མཐུན་པའི་དབང་སྐྱོན་བྱིས་པ་གཏན་འཁེལ་བྱས་ཡོད། པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་། ཅང་ཤིས། ཧོ་ནན། ཧྲའན་ཤིས། ཤིན་ཅང་སོགས་ཀྱིས་སློབ་གྲྭར་འགྲོ་མུས་ཀྱི་དབང་སྐྱོན་སློབ་མ་རྣམས་ཁ་གསབ་སྤྲོད་ཡུལ་གཙོ་བོར་བརྩིས་པ་དང་ཧའེ་ནན་དང་བོད་ལྗོངས་ཀྱིས་ལག་ཁྱེར་མེད་པའི་དབང་སྐྱོན་རྒན་རྒོན་དང་ལོ་65ཡན་གྱི་ནུས་ཤོར་རྒན་རྒོན་རྣམས་ཁ་གསབ་སྤྲོད་ཡུལ་གྱི་ཁོངས་སུ་བཞག་ཡོད་པ་རེད།
ཁ་གསབ་ཀྱི་ནང་དོན་དང་ཚད་གཞིའི་ཐད་ས་གནས་ཁག་གིས་དབང་སྐྱོན་ལ་དགོས་མཁོ་ཆེ་བའི་གཞི་རྩའི་རམ་འདེགས་ཡོ་བྱད་དེ་ཁ་གསབ་ཀྱི་ནང་དོན་གཙོ་བོར་བརྩི་གི་ཡོད། ས་གནས་ཁ་ཤས་སུ་ཁ་གསབ་དང་འབྲེལ་བའི་རམ་འདེགས་ཡོ་བྱད་རིགས་190ལྷག་ཙམ་ཟིན་ཡོད། ས་གནས་ཁག་གིས་གཙོ་བོར་རམ་འདེགས་ཡོ་བྱད་ཀྱི་ཐོན་རྫས་རིགས་དང་། ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ། དབང་སྐྱོན་གྱི་ཚད་གཞི་སོགས་ལ་གཞིགས་ནས་ཁ་གསབ་ཚད་གཞི་གཏན་འཁེལ་བྱས་ཡོད།