《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月19日

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྤྱི་ཡོངས་ནས་བརྟན་ལ་གོ་རིམ་ལྡན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བདེ་འཇགས་འགན་ལེན་དང་ཤར་གཏོང་ཐུབ་པའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས། སྔ་བསྣུར་ནས་ཞིབ་འཇུག་ཇུས་འགོད་དང། སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས། ལམ་ངོས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བཅས་བྱས་ཏེ། ཉེན་རྟོག་ཡོངས་སྐུལ་སློང་གིས་མང་ཚོགས་བདེ་འཇགས་ངང་འགྲུལ་བཞུད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ནས་དུས་བདེ་ལྷིང་འཇགས་ཀྱི་དཔྱིད་གསར་དུས་ཆེན་གཏོང་ཆེད་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་བཏོད་ཡོད་པ་རེད། ཟླ་2ཚེས་17ཉིན་གྱི་ཆུ་ཚོད་19བར་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དུས་བབ་སྤྱི་ཡོངས་ནས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད་ཅིང་། གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཧ་ཅང་ཚབས་ཆེན་གྱི་སྙན་སེང་འབྱོར་མེད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་བྱ་ཆེད། རྒྱ་ཆེའི་འགྲིམ་འགྲུལ་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ལས་གནས་བརྟན་སྲུང་དང་། གུང་གསེང་རིང་གི་འགྲིམ་འགྲུལ་ཁྲིམས་འགལ་དང་ལས་འཛོལ་གྱི་ཆོས་ཉིད་དང་ཁྱད་ཆོས་ལ་གཞིགས་ཏེ་འགྲིམ་འགྲུལ་འགྲོ་སྐྱོད་མང་བ་དང་མི་མངོན་པའི་རྐྱེན་ངན་མངོན་གསལ་དོད་པའི་གཙོ་གནད་ལམ་དུམ་ལ་དམ་པོར་དམིགས་ཏེ། འབྱུང་རྩ་ནས་གྲལ་བཤེར་དང་། གཙོ་གནད་ཐོག་བཅོས་སྒྲིག ལམ་ངོས་ནས་དོ་དམ་ནན་པོ་བཅས་བྱེད་པའི་འགག་རྩ་གསུམ་ལ་དམ་འཛིན་ནན་པོ་བྱས་ཤིང་། གནས་གཏན་འཁེལ་གྱིས་ལས་འགན་སྒྲུབ་པ་དང་སྐོར་སྐྱོད་དང་སྐོར་ཞིབ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། “ཚད་བརྒལ་གསུམ་དང་ངལ་དུབ་གཅིག”སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་ཡོད་མེད་ཞིབ་བཤེར་ནན་པོ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གུང་གསེང་རིང་རྒྱལ་ཡོངས་སུ་ཆ་སྙོམས་ཉིན་རེར་ཉེན་རྟོག་པ་མི་ཐེངས་ཁྲི་18.1དང་ཉེན་རྟོག་པའི་རླངས་འཁོར་ཐེངས་ཁྲི་6.2བཏང་ནས་འགྲིམ་འགྲུལ་ཉེན་རྟོག་གི་ཁྲིམས་སྒྱུར་ས་ཚིགས་4000ལྷག་ཙམ་དུ་ལས་འགོ་བཙུགས་པ་དང་། གནས་སྐབས་ཀྱི་ལས་སྒྲུབ་ས་ཚིགས་ཁྲི་2ལྷག་ཙམ་བཙུགས་ཡོད་པ་རེད། གཞན་ཡང་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་རིང་བ་དང་མང་ཚོགས་ཀྱིས་རླངས་འཁོར་བཏང་ནས་འགྲོ་སྐྱོད་བྱེད་མང་བས་གཞུང་ལམ་འགྲིམ་འགྲུལ་གྱི་འགྲུལ་བཞུད་བྱེད་ཚད་མུ་མཐུད་མང་དུ་ཕྱིན་སྟབས་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་མྱུར་བགྲོད་གཞུང་ལམ་73གྱི་གཙོ་གནད་བགྲོད་ལམ་མཚམས་ཚིགས་700ཡི་བཞུར་ཚད་ནས་བལྟས་ན་ན་ནིང་གི་དཔྱིད་གསར་དུས་ཆེན་གྱི་དུས་མཚུངས་ལས་20%ཙམ་འཕར་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགག་སླ་བའི་ལམ་དུམ་སྔ་བསྣུར་དུ་ཞིབ་འཇུག་དང་བརྡར་ཤ་བཅད་པ་དང་། ལམ་སྟོན་ཇུས་གཞི་རིམ་བཞིན་བཟོས་པ་དང་སྒྲིག་འཛུགས་བྱས་པ། སྡེ་ཚན་གྱི་ས་ཁོངས་ཀྱི་ཉེན་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མེ་ཟོན་རོགས་སྐྱོབ། སྨན་བཅོས་མྱུར་སྐྱོབ་སོགས་སྡེ་ཚན་དང་དེ་བཞིན་གཞུང་ལམ་བདག་སྐྱོང་དང་གེགས་སེལ་སོགས་ཚན་པ་དང་མཉམ་འགུལ་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། གཙོ་གནད་དུས་མཚམས་དང་། གཙོ་གནད་ལམ་དུམ། གལ་ཆེའི་མཚམས་ཚིགས་བཅས་ལ་སྐོར་གཡེང་དོ་དམ་ཚོད་འཛིན་དང་བཀོད་འདོམས་ལམ་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལམ་སྟོན་ཤར་གཏོང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྤེལ་བ་རེད།

དང་པོའི་བཅོ་ལྔའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ས་གནས་ཁག་ཏུ་སྒེར་འཁོར་བཏང་ནས་ཕྱིར་ལོག་མཁན་གྱི་འགྲུལ་པ་སྔར་བཞིན་མང་པོ་ཡོད་པས། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་ཁ་ལོ་བར་སྒེར་འཁོར་བཏང་ནས་ཕྱིར་སྐྱོད་སྐབས་གནམ་གཤིས་འགྱུར་ལྡོག་དང་གཞུང་ལམ་ཤར་གཏོང་གི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ནས་འགྲོ་སྐྱོད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། དྲོད་ཚད་དམའ་བ་དང་གངས་འཁྱགས་དང་། སྨུག་པ། བྱེ་རླུང་འཚུབ་པ་སོགས་ཀྱི་གནམ་གཤིས་ངན་པ་བསྟན་སྐབས་འགྲོ་སྐྱོད་འཆར་གཞི་གང་ཐུབ་ལེགས་སྒྲིག་བྱེད་དགོས། ཁྲིམས་མཐུན་ངང་རླངས་འཁོར་གཏོང་དགོས་པ་ལས་མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ་དང་། མི་སྣ་ཚད་བརྒལ་ངང་བླུགས་པ། ངལ་དུབ་འཁོར་གཏོང་བཅས་གཏན་ནས་བྱེད་མི་རུང་བ་དང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གཏན་འགོག་བྱེད་དགོས། ཡ་རབས་ངང་རླངས་འཁོར་གཏོང་བ་དང་། ལམ་མདོར་ལྟ་ཞིབ་བྱེད་པ་དང་མྱུར་ཚད་དལ་དུ་གཏོང་དགོས་པ། རླངས་འཁོར་དལ་བུར་འགྲོ་བ་དང་འགྲིམ་འགྲུལ་གུ་དོག་པ་སོགས་ཀྱི་གནས་ཚུལ་འཕྲད་སྐབས་རིམ་པ་བཞིན་སྐྱོད་དགོས་པ། འཚང་ཁ་མི་རྒྱག་པ་དང་། འཕྲལ་སྡོམ་འཁོར་ལམ་མི་བཟུང་བ། འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ“རླངས་འཁོར་ལམ་ཟུར་དུ་འཇོག་པ་དང་། མི་ཕྱིར་འཐེན་བྱེད་པ། ཉེན་བརྡ་གཏོང་བ”བཅས་བྱ་རྒྱུ་སེམས་ལ་བརྟན་པོར་ངེས་ནས་ཡང་བསྐྱར་ལས་འཛོལ་མི་ཐོན་པར་བྱེད་དགོས། ངེས་པར་དུ་ཁྲིམས་མཐུན་ལུགས་མཐུན་གྱི་འགྲུལ་སྐྱེལ་རླངས་འཁོར་ནང་སྡོད་དགོས་པ་དང་། འགྲུལ་པ་ཚད་ལས་བརྒལ་བའི་རླངས་འཁོར་དང“ནག་འཁོར”ནང་མི་ཞུགས་པ་མ་ཟད། ལམ་ཐག་ཧྲིལ་པོར་སྲུང་ཐག་འདོགས་དགོས་པ་བཅས་ཀྱི་དྲན་སྐུལ་བྱས་ཡོད།

(བསོད་བདེ་ཆེ་བ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)