ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དབུ་ཚོགས་སྐབས་སོ་བདུན་པ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་ཅིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཚོན་བྱེད་དུ་བྱས་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་མཐུན་སྒྲིལ་གྱིས་མཉམ་འབྲེལ་ཐོག་རང་སྟོབས་རང་སྤེལ་བྱས་ཏེ། གཞི་གཅིག་ཅན་དང་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་དང་གཏོང་བཞིན་ཡོད། ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་བདེ་བླག་ངང་ཞུགས་པ་ལས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་ཨ་ཧྥེ་རི་ཁའི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་སྔར་ལས་ཆེ་རུ་ཕྱིན་པར། ཀྲུང་གོ་ཕྱོགས་ཀྱིས་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད།
ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་བདེ་བླག་ངང་འཚོགས་པ། ཕྱོགས་གཉིས་པོས་རང་སོ་སོའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་བསམ་འདུན་སྒྲུབ་ཆེད་ཁོར་ཡུག་བཟང་པོ་གཏོད་རྒྱུའི་ཐག་བཅད་ཡོད། 2024ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཚོགས་འདུ་སྐབས་གསར་པ་འཚོག་རྒྱུ་རེད། ངས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མཉམ་དུ་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་དམིགས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་འཆར་གཞི་གསར་པ་འཆར་འགོད་ཞིབ་ཚགས་བྱས་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།