◆ ཁ་མེ་རོང་གི་ཚོང་པ་ཨའེ་མཱ་ཉིའུ་ཨེར།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་ལྟར་དབྱི་ཝུར་ཉོ་སྒྲུབ་བྱེད་པར་ཡོང་མཁན་ཕྱི་རྒྱལ་གྱི་ཚོང་པ་མི་ཐེངས་ཁྲི་56ཡན་ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་ཕྱི་རྒྱལ་གྱི་ཚོང་པ་ཁྲི་1.5ལྷག་ཙམ་དབྱི་ཝུར་རྒྱུན་སྡོད་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་དབྱི་ཝུར་རང་ཉིད་དགའ་ཞེན་ཡོད་པའི་བྱ་གཞག་རྙེད་དེ་སོ་སོའི་ལས་རིགས་ཐད་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་བ་དང་ཆབས་ཅིག གྲོང་ཁྱེར་འདིའི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་དཔང་པོ་ཡང་བྱས་ཡོད། ཉེ་ཆར། འདི་ག་ཚགས་པར་གྱི་གསར་འགོད་པས་ཕྱི་རྒྱལ་གྱི་ཚོང་པ་ཁ་ཤས་ལ་བཅར་འདྲི་བྱས་ཤིང་། གཤམ་དུ་ཁོང་ཚོས་དབྱི་ཝུའུ་རུ་འབད་འཐབ་བྱས་པའི་གཏམ་རྒྱུད་བཤད་སྙན་པོ་འགའ་ཞིག་བཀོད་ཡོད།
2013ལོར། ཁ་མེ་རོང་གི་ཚོང་པ་ཨའེ་མཱ་ཉིའུ་ཨེར་དབྱི་ཝུར་ཡོང་ནས་དེ་གའི་སློབ་གྲྭ་ཞིག་གི་དབྱིན་ཇིའི་དགེ་རྒན་བྱས། 2016ལོ་ནས་བཟུང་། ཨའེ་མཱ་ཉིའུ་ཨེར་གྱིས་ཆེད་མངགས་ཕྱི་ཕྱོགས་ཚོང་དོན་གཉེར་འགོ་ཚུགས་ནས་ཀྲུང་གོའི་ཐོན་རྫས་སྣ་ཚོགས་ཁ་མེ་རོང་ལ་བཙོངས། “ང་མཛེས་བྱུག་རྫས་དང་ཁྱིམ་སྤྱོད་གློག་ཆས་སོགས་ཀྲུང་གོའི་ཐོན་རྫས་གོང་ཁེ་ལ་སྤུས་ཀ་དག་པས་དགའ་བསུ་ཆེན་པོ་ཐོབ་ནས་མངགས་ཐོ་ལོ་རེ་བཞིན་ཇེ་མང་རེད”ཅེས་ཨའེ་མཱ་ཉིའུ་ཨེར་གྱིས་བཤད།
སྟབས་བདེ་བའི་རྨང་གཞི་སྒྲིག་བཀོད་དང་། ཆེད་ལས་ཡིན་ལ་འཐུས་སྒོ་ཚང་བའི་ཚོང་ཟོག་ཙག་ཙིག་ཁྲོམ་ར། ཚོང་གཉེར་ཁོར་ཡུག་རྩེ་གྲ་སོགས། ཨའེ་མཱ་ཉིའུ་ཨེར་གྱིས། “ཕྱི་རྒྱལ་བས་དབྱི་ཝུར་ལས་ཀ་བྱེད་པའམ་ཡང་ན་འཚོ་བ་སྐྱེལ་བར་སྟབས་ཧ་ཅང་བདེ་པོ་འདུག འདི་ག་ནི་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་ལས་གཏོད་བྱ་སའི་གྲོང་ཁྱེར་ཡག་པོ་ཞིག་རེད”ཅེས་བརྗོད། བྱ་གཞག་འཕེལ་རྒྱས་ཡག་པོ་བྱུང་བས་ཁོང་དང་ཁོང་གི་ནང་མི་ཚོས་དབྱི་ཝུའུ་རུ་གཞིས་ཆགས་པ་རེད། “ང་ཚོ་ཚང་མས་དབྱི་ཝུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འདི་ག་ནི་ང་ཚོའི་ཁྱིམ་ཡིན། མ་འོངས་པར། ངས་མུ་མཐུད་དབྱི་ཝུའུ་རུ་རྐང་པ་རྟན་པོ་གཞིས་བཙུགས་ཏེ་ཚོང་ཇེ་ཆེ་ཇེ་ལེགས་སུ་གཏོང་རྒྱུ་ཡིན”ཞེས་ཨའེ་མཱ་ཉིའུ་ཨེར་གྱིས་བཤད།
◆ མ་ལེ་ཞི་ཡའི་ཚོང་པ་ཀུའོ་ཅི་ཧྥུའུ།
འདི་ལོ་ལོ་49ལ་སླེབས་པའི་ཀུའོ་ཅི་ཧྥུའུ་ནི་མ་ལེ་ཞི་ཡ་ནས་ཡིན་ཞིང་། ཀྲུང་གོར་མ་ཡོང་གོང་། ཁོང་གིས་མ་ལེ་ཞི་ཡར་དཔེ་དེབ་ཁང་ཞིག་གཉེར་ནས་དཔེ་དེབ་དང་། ཡིག་ཆས། ལུས་རྩལ་ཡོ་བྱད་སོགས་བཙོངས་པ་རེད། དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་། གྲོགས་པོ་ཞིག་དང་ཁ་བརྡ་གློད་སྐབས། ཀུའོ་ཅི་ཧྥུའུ་ཡིས་ཐེངས་དང་པོར་ཀྲུང་གོའི་དབྱི་ཝུའུ་སྐོར་ཐོས་པ་རེད། 1999ལོར། ཀུའོ་ཅི་ཧྥུའུ་ཐེངས་དང་པོར་དབྱི་ཝུའུ་རུ་ཡོང་བ་དང་། སྐབས་དེར་ཧོང་ཡོན་ཁྲོམ་རའི་སྤྱིའི་གཞི་ཁྱོན་སྨི་ངོས་གྲུ་ཁྲི་12.8ལས་མེད་ཀྱང་ཁྲོམ་སྟེགས་ཁྲི་1.4ལྷག་ཟིན་ནས། སྐབས་དེའི་ཀྲུང་གོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཚོང་ཟོག་ཙག་ཙིག་ཆེད་ལས་སྡེབ་ཚོང་ཁྲོམ་རར་གྱུར་ཡོད་པ་རེད།
“དབྱི་ཝུར། ལས་གཏོད་པ་ཚང་མས་སོ་སོའི་ཕུགས་བསམ་མངོན་འགྱུར་བྱེད་སའི་སྡིངས་ཆ་རྙེད་ཐུབ”ཅེས་ཀོའུ་ཅི་ཧྥུའུ་ཡིས་བཤད། 2004ལོར། ཀུའོ་ཅི་ཧྥུའུ་ཡིས་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་དུ་སྨི་ངོས་གྲུ་80ཡོད་པའི་ཚོང་ཁང་ཞིག་བོགས་མར་བླངས་རྗེས་རྟག་པར་དབྱི་ཝུར་བསྡད་དེ་ཆུ་ཤེལ་གྱི་རྒྱན་ཆས་བཙོངས་པ་རེད། ཀུའོ་ཅི་ཧྥུའུ་ཡིས་དབྱི་ཝུའུ་ཁྲོམ་རའི་གོ་ལ་ཧྲིལ་པོའི་ཁྱབ་འགྱེད་ནུས་པ་དང་ཆ་ཚང་བའི་ཐོན་སྐྱེད་འཁོར་འབྲེལ་ལ་བརྟེན་ནས། ང་ཚོས་པར་ཙིར་ནས་ནང་འདྲེན་བྱས་པའི་ཆུ་ཤེལ་ལས་སྣོན་བྱས་རྗེས་གོ་ལ་ཧྲིལ་པོའི་སྤུས་རྟགས་ནོར་རྒྱན་ཚོང་པ་500ལྷག་ལ་བཙོང་གི་ཡོད་ཅེས་བཤད།
◆ ཅོར་ཏན་གྱི་ཚོང་པ་ཝུའུ་ཧན་ནའེ་ཏེ།
“དབྱི་ཝུའུ་ནི་གདམ་ག་ཡག་ཤོས་དེ་རེད”ཅེས་མུའུ་ཧན་ནའེ་ཏེ་ཡིས་རང་ཉིད་དང་ཀྲུང་གོའི་དབར་གྱི་ལས་འབྲེལ་སྐོར་གླེང་སྐབས་དེ་ལྟར་བཤད། ལོ་20སླེབས་པའི་མུའུ་ཧན་ནའེ་ཏེ་ཀྲུང་གོའི་ཀོང་ཏུང་ལ་སླེབས་རྗེས་ཨ་ཁུའི་ཟ་ཁང་དུ་ལས་ཀ་བྱས། ཕྱིས་སུ། མུའུ་ཧན་ནའེ་ཏེ་ཡིས་ཨན་ཧུའེ་ཡི་བུ་མོ་ཞིག་ངོ་ཤེས་ནས“ཀྲུང་གོའི་མག་པར་གྱུར”
མིག་སྔར། པེ་ཏེ་ཟ་ཁང་ལ་ཚལ་སྣ་ཁ་300ལྷག་ཡོད། ལས་མི་120ཡོད་པའི་ནང་གི་10ནི་ལེ་པ་ནོན་དང་སི་རི་ཡ་སོགས་ཕྱི་རྒྱལ་གྱི་མ་བྱན་ཡིན་པ་རེད། “ཚང་མས་དབྱི་ཝུར་དགའ་སྤྲོའི་ངང་ལས་ཀ་བྱེད་ཀྱི་ཡོད། འཚོ་བ་ཡང་སྐྱིད་པོ་འདུག”ཅེས་མུའུ་ཧན་ནའེ་ཏེ་ཡིས་བཤད།
ལོ་20ལྷག་རིང་། མུའུ་ཧན་ནའེ་ཏེ་ཡིས་དབྱི་ཝུའུ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་དཔང་པོ་བྱེད་ཐུབ། “ང་རང་དབྱི་ཝུར་དགའ་པོ་ཡོད། གྲོང་ཁྱེར་འདིར་ངའི་ཕུགས་བསམ་མངོན་འགྱུར་བྱུང་སོང་། དབྱི་ཝུར་གལ་སྲིད་འབད་འཐབ་བྱས་ན་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་རག་གི་རེད། ངས་ད་དུང་ཡན་ལག་ཟ་ཁང་ཞིག་ཀྱང་གཉེར་རྩིས་ཡོད། ང་དང་ངའི་ནང་མི་ཚོ་དབྱི་ཝུར་གཞིས་ཚུགས་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་མུ་མཐུད་འབད་འཐབ་བྱེད་ཀྱི་ཡིན”ཞེས་མུའུ་ཧན་ནའེ་ཏེ་ཡིས་བཤད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)