འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀོང་ཤིས་བྱང་རྒྱུད་མཚོ་ཁུག་གྲུ་ཁ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་མཚོ་ཐོག་དང་ལྕགས་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་གཏོང་ཚད་2024ལོའི་གཏོང་ཐེངས་1000ལས་ཐོག་མར་བརྒལ་ནས་དུས་མཚུངས་ལས་83%འཕར་ཡོད། འདི་ལོའི་ཟླ་དང་པོར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་མཚོ་ཐོག་དང་ལྕགས་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་978བཏང་བ་དེ་དུས་མཚུངས་ལས་87.7%འཕར་ཏེ་ཟླ་བ་ཐོག་མ་དེར་འགོ་ཡག་པོ་ཞིག་ཚུགས་ཐུབ་པ་བྱུང་ཡོད།
2024ལོར་ཁྲུང་ཆིང་ནས་ཀོང་ཤིས་བར་དང་། སི་ཁྲོན་ནས་ཀོང་ཤིས་བར། ཡུན་ནན་ནས་ཀོང་ཤིས་བར། ཀུའེ་ཀྲོའུ་ནས་ཀོང་ཤིས་བར་བཅས་དང་དེ་བཞིན་ནུབ་བྱང་དང་ཀོང་ཤིས་ཀྱི་ས་ཁོངས་ནང་དུས་གཏན་མེ་འཁོར་གཏོང་ཚད་ཆེས་ཆེར་འཕར་བའི་རྣམ་པ་མངོན་པ་དང་། ཁྲུང་ཆིང་ནས་ཀོང་ཤིས་བར་དང་ཀོང་ཤིས་ཀྱི་ས་ཁོངས་ནང་དུས་གཏན་མེ་འཁོར་གཏོང་ཚད་གྲངས་གནས་གསུམ་ལ་སླེབས་ནས་དུས་མཚུངས་ལས་117.1%དང་132.7%སོ་སོར་ཟིན་ཡོད། མིག་སྔར་བགྲོད་ལམ་གསར་པ་ནས་སྐྱེལ་འདྲེན་བྱེད་པའི་དངོས་ཟོག་སྣ་ཁ་1143ཟིན་པ་དང་། ཞིང་ཆེན་18ཀྱི་གྲོང་ཁྱེར་70དང་ལྕགས་ལམ་བབས་ཚུགས་145ལ་ཁྱབ་པ་མ་ཟད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་120ཡི་གྲུ་ཁ་495ལ་ཤར་གཏོང་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དང་པོར་RCEPཁོངས་མིའི་རྒྱལ་ཁབ་ཀྱིས་བགྲོད་ལམ་གསར་པ་ནས་དངོས་ཟོག་སྐྱེལ་འདྲེན་བྱས་པའི་ཚད་ལྡན་དོས་སྒམ་7279ཟིན་པ་དེས་བགྲོད་ལམ་གསར་པ་ནས་སྐྱེལ་འདྲེན་བྱེད་པའི་བསྡོམས་འབོར་གྱི་14.9%ཟིན་ནས་དུས་མཚུངས་ལས་92.7%འཕར་ཡོད། དེའི་ནང་ཚད་ལྡན་དོས་སྒམ་5745ཕྱིར་གཏོང་བྱས་ཏེ་ཀྲུང་གོས་བཟོས་པའི་རླངས་འཁོར(རླངས་འཁོར་གྱི་ལྷུ་ལག)དང་། སྦག་སྦག་གི་ལྷུ་ལག ཤེལ་སྒོ་དང་ཚི་སྣ་སོགས་ཀྱི་ཐོན་རྫས་ཝེ་ཐེ་ནམ་དང་ཧིན་རྡུ་ཉི་ཞི་ཡ་སོགས་RCEPཁོངས་མིའི་རྒྱལ་ཁབ་12ལ་དབོར་བ་དང་། ཚད་ལྡན་དོས་སྒམ་1534ནང་འདྲེན་བྱས་པའི་ནང་ཝེ་ཐེ་ནམ་དང་ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་ཀྱི་ཕིང་རྩམ་དང་། མར། སྨན་སྣ། བེ་ཏའི་ཁུ་བ་སོགས་ཀྲུང་གོའི་ས་གནས་ཁག་ཏུ་དབོར་ཡོད། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཟོག་ཁུངས་ཕྱོགས་གཉིས་ལ་མཁོ་འདོན་བརྟན་པོ་ཡོང་ཆེད་སྐྱེལ་འདྲེན་གྱི་འགན་ལེན་བྱས་པ་མ་ཟད། “ལྕེ་ཐོག་གི་དཔལ་འབྱོར”ཚོང་དོན་རྒྱུན་ཆད་མེད་པར་འཕར་བར་རམ་འདེགས་བྱས་ཡོད་པ་རེད།(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)