《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月09日

མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་གྱི་ལས་ཞུགས་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་དཔྱིད་གསར་དུས་ཆེན་གོང་ཞིང་དལ་དང་ཕ་ཡུལ་དུ་ལོག་པ་སོགས་ཀྱི་གོ་སྐབས་བཟང་པོ་སྤྱད་དེ“ལས་ཞུགས་རོགས་སྐྱོར་ཟླ་བ”དང“དཔྱིད་རླུང་བྱ་སྤྱོད”ཀྱི་ཆེད་དོན་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྤེལ་ཏེ། དགོས་མཁོ་མཐིལ་རྟོགས་གནད་སྨིན་དང་། སྡེ་ཚན་གྱི་མཉམ་ཤུགས་གཅིག་སྒྲིལ། ལས་ཞུགས་བྱ་ཐབས་གསར་གཏོད། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ། ལས་ཞུགས་དཔེ་མཚོན་དྲིལ་བསྒྲགས་བཅས་བྱ་ཐབས་ལྔ་སྤྱད་ནས། 2024ལོའི་ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་གྱི་ལས་ཞུགས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།

ཞིང་ཆེན་མི་སྤྱི་ཐིང་གིས་སྟོབས་ཤུགས་གཤམ་ལ་ཕྱོགས་པ་དང་གཙོ་གནད་གཤམ་བསྒྱུར་མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་ཤང་དང་གྲོང་རྡལ་དང་གྲོང་ཚོ་དང་སྡེ་ཁུལ་དུ་བསྐྱོད་ནས་ཞིང་འབྲོག་མང་ཚོགས་ལ“སྲིད་ཇུས་སྒྲོག་འགྲེལ་དང་། ལས་གནས་མཁོ་འདོན། ཁ་གསབ་སྤྲོད་པ། གསོ་སྦྱོང་བྱེད་པ”བཅས་བྱས་ཡོད། ཤང་དང་གྲོང་རྡལ་དང་གྲོང་སྡོད་ལས་དོན་རུ་ཁག་སོགས་གཞི་རིམ་གྱི་ལས་ཀའི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་པའི་ལས་ཞུགས་ཀྱི་འདུན་པ་དང་གསོ་སྦྱོང་གི་དགོས་མཁོར་གཅིག་སྡུད་བརྟག་དཔྱད་བྱས་ཏེ། ཕྱིར་ལས་ཞུགས་བྱེད་འདོད་པ་དང་རྩལ་ནུས་གསོ་སྦྱོང་གི་དགོས་མཁོའི་གསལ་ཐོ་བཟོས་པ་རེད། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དོན་གྲོས་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་གུན་གསབ་ལས་སྤྲོད་རྣམ་གྲངས་དང་། ལས་ཞུགས་རོགས་སྐྱོར་འཁོར་ཁང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་སུ་ལས་ཞུགས་ཐུབ་ཚད་ནུས་ཤུགས་ཡོད་རྒུས་མང་དུ་བཏང་ནས་ལས་ཞུགས་གཞན་སྒྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད། ཉིན་གླའི་ཁྲོམ་ར(ཉིན་གླའི་ས་ཚུགས)གཏོད་པར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་འཐབ་ས་དང་པོར་གཞི་རྩའི་སྤྱི་པའི་ལས་ཞུགས་ཞབས་ཞུ་སྣུར་སྲིང་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་ལས་གནས་དང་འཚམ་པའི་ཆ་འཕྲིན་རྒྱ་ཁྱབ་ངང་ཁྱབ་བསྒྲགས་དང་ཕྱིར་ལས་ཀར་འགྲོ་མཁན་སྒྲིག་འཛུགས་བྱས་ནས་ལས་ཞུགས་ཐུབ་པ་བྱས་ཡོད།

དེ་དང་ཆབས་ཅིག གཙོ་གནད་ཁེ་ལས་ཀྱི་ལས་མི་སྤྱོད་པའི་ཞབས་ཞུའི་འགན་ལེན་དང་ཞིང་པ་ལས་མིའི“གཅིག་གཏད་གཅིག”གི་སྐྱེལ་འདྲེན་བྱེད་སྒོ་ཟུང་འབྲེལ་དམ་ཟབ་བྱས་ཏེ། དུས་བཀག་ལྟར་ལས་མི་བསྡུ་བའི་མཐུན་སྦྱོར་ཚོགས་འདུ་དང་ཕྱིར་གླ་པ་རྒྱུག་མཁན་གྱི་ཉམས་ལེན་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་པ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ཏེ་གཙོ་གནད་ཁེ་ལས་སུ་ལས་ཀ་འཚོལ་ཐུབ་པ་བྱས་ཡོད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ཁྱད་ལྡན་ངལ་ནུས་སྤུས་རྟགས་སྔོག་འདོན་དང་སྐྱེད་སྲིང་གཏིང་ཟབ་བྱས་ཏེ“མཚོ་སྔོན་གྱི་འཐེན་ཐུག”དང་། “མཚོ་སྔོན་གྱི་འཚེམ་དྲུབ”“ཁྱིམ་ལས་ཞབས་ཞུ”སོགས་ངལ་ནུས་སྤུས་རྟགས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་གཞི་ཁྱོན་མུ་མཐུད་རྒྱ་ཆེར་བཏང་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)