《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月09日

ཚའེ་ཆིས་རིག་གནས་རིགས་ཁོངས་ཀྱི་གྲགས་ཅན་མི་སྣ་དང་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་ལ་གཟིགས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རིག་གནས་ལས་དོན་པ་དང་ཚན་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རིག་གནས་རིགས་ཁོངས་ཀྱི་གྲགས་ཅན་མི་སྣ་དང་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་ལ་གཟིགས་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱ་ཆེའི་རིག་གནས་ལས་དོན་པ་དང་ཚན་རྩལ་ལས་དོན་པར་དཔྱིད་གསར་གྱི་སྨོན་འདུན་ཞུས་པ་རེད།

ཚའེ་ཆིས། དང་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་དང་དཔལ་འབྱོར་རིག་པ་མཁས་ཅན་ལིའུ་གོ་ཀོང་གི་ཁྱིམ་དུ་ཕེབས་ནས། ལོ་100ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཁོང་གི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་། ཁོང་རྒན་ཡོལ་ཞུས་རྗེས་སྔར་བཞིན་ཞིབ་འཇུག་གི་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་དང་གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་དང་སྣེ་ཁྲིད་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ལས་དོན་ཡག་པོ་སྒྲུབ་པའི་གྲོས་འགོ་གསན་པ་རེད། དེ་རྗེས་ཚའེ་ཆི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དེ་སྔའི་ཀྲུང་དབྱང་རླུང་འཕྲིན་གྱི་སྙན་སྒྲོན་མཛུབ་ཁྲིད་པ་དང་ལེ་ཚན་གཙོ་སྐྱོང་བ་ཞུས་ནའེ་ཝུན་གྱི་ཁྱིམ་དུ་ཕེབས་ཏེ་ཁོང་གིས་དུས་ཡུན་རིང་པོར་ཀྲུང་གོའི་རླུང་འཕྲིན་བྱ་གཞག་དང་ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གནང་བ་དང་། ཁོང་གི་ཏང་གི་གསར་འགྱུར་གྱི་གླེང་ཕྱོགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་གསན་པ་རེད། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་འགྱེད་འཕྲོའི་རྫས་འགྱུར་རིགས་གཅིག་མཁས་ཅན་ཝང་ཧྥང་ཏིང་གི་ཁྱིམ་དུ་ཚའེ་ཆིས་དུས་ཡུན་རིང་པོར་ཁོང་གིས་རྨང་གཞིའི་ཞིབ་འཇུག་ལ་གཞོལ་བ་དང་། རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཐད་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཝང་ཧྥང་ཏིང་གིས་ཉིང་རྡུལ་བཟོ་ལས་ལག་རྩལ་རྐང་འཛིན་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་གྲོས་འགོ་བཏོན་པ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བར་མཐོངས་ལག་རྩལ་རིགས་གཅིག་མཁས་ཅན་ཆིས་ཧྥ་རེན་ལ་གཟིགས་སྐབས། ཚའེ་ཆིས་ཁོང་གིས་རང་རྒྱལ་གྱི་བར་མཐོངས་བྱ་གཞག་འཕེལ་རྒྱས་ལ་བཏོན་པའི་ནུས་པར་ཁས་ལེན་གནང་བ་དང་། འཇིག་རྟེན་འཕུར་སྐྱོད་བྱ་གཞག་དང་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭར་ཐབས་འདོན་ཇུས་འབུལ་དང་ལས་གྲྭའི་ལག་རྩལ་གྱི་སྣེ་ཁྲིད་མི་སྣ་གསོ་སྐྱོང་བྱས་པར་གུས་བཀུར་ཞུས་པ་དང་ཆབས་ཅིག འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ་དང་། ཆུ་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྐོར་གྱི་གྲོས་འགོ་གསན་པ་རེད།

རིག་གནས་རིགས་ཁོངས་ཀྱི་གྲགས་ཅན་མི་སྣ་དང་ཚན་རྩལ་རིགས་གཅིག་མཁས་ཅན་ཁོང་རྣམས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཏང་ཀྲུང་དབྱང་གིས་རིག་གནས་དང་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ལ་མོས་མཐུན་བྱས་པ་རེད། ཚའེ་ཆིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་དེ་ཏང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ། མི་རིགས་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་ཡོད་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ལེགས་པར་འཁུར་ཏེ། དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད། (བསྟན་བཟང་གིས་བསྒྱུར། བསོད་བདེ་དང་བསྟན་བཟང་གིས་ཞུས)