《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月09日

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ།

ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ། ཝང་ཧུའུ་ཉིང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཞུགས་པ།

ཟླ་2ཚེས་7ཉིན་ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་ཕྱིའི་མི་སྣ་དང་མཉམ་འཛོམས་གནང་སྟེ་དཔྱིད་གསར་དུས་ཆེན་ལྷན་དུ་བསུས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ། ཤིང་འབྲུག་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་7ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེ་མོར་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། དེ་བཞིན། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ལྷན་དུ་འཛོམས་ནས་དུས་ཆེན་བསུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོའི་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཐའོ་ཀྲི་སོགས་གདན་ཞུས་ལྟར་ཕེབས་པ་རེད། གདན་ཞུས་ལྟར་ཕེབས་མཁན་གྱི་གྲས་སུ་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ལེའང་ཀྲེན་དབྱིང་། དེ་བཞིན་འགོ་ཁྲིད་ལས་གནས་ནས་ཕྱིར་འཐེན་གནང་བའི་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད་པ་རེད།

ཧའོ་མིང་ཅིན་གྱིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ཏེ་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་འདས་མ་ཐག་པའི་2023ལོར་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ངལ་སྣ་ཚོགས་ཀྱི་འགྲན་སློང་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་། ཁྱོན་ཡོངས་ལ་གཅིག་འདོམས། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་གནང་ནས་དཀའ་ངལ་ལ་མི་འཛེམས་པར་མདུན་སྐྱོད་དང་། ཐེག་ཁུར་འབད་འབུངས། ངར་སེམས་ཆེར་སྐྱེད། དཔའ་སྐྱེད་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོས་སྤོས་པ་དང་། དུས་རབས་གསར་པའི་ཀྲུང་གོ་རྣམ་པ་གསར་རྐྱང་དུ་གྱུར་ནས་ཕུགས་འདུན་རླབས་པོ་ཆེའི་ཕྱོགས་སུ་གོམ་པ་རེ་རེ་བཞིན་དུ་ཉེ་བཅར་བྱེད་བཞིན་ཡོད། ལོ་གསར་པའི་ནང་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

ཧའོ་མིང་ཅིན་གྱི་ཤིས་ཚིག་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་2023ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ལོ་གཅིག་རིང་། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ། ཕྱི་རོལ་གྱི་གནོན་ཤུགས་བཟོད་ཐེག་དང་ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་བྱས་པ། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་ཞིང་། འགོ་བརྟན་པོ་ཚུགས་པ་དང་བཀྲག་མདངས་འཚེར་ས་མང་པོ་ཡོད་པ་རེད། ང་ཚོས་དམིགས་ས་ཡོད་པའི་སྒོ་ནས་དཀའ་གནད་བསལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་བས། ལོ་ཧྲིལ་པོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ཡན་ཟིན་པ་དང་ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། ང་ཚོས་རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་མགྱོགས་མྱུར་བཏང་བས། ཚན་རྩལ་གསར་གཏོད་ཐད་ཚད་བརྒལ་གསར་པ་བྱུང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་དང་ཀྲུང་གོ—ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་བས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལས་ཤུགས་རྐྱེན་ཐེབས་ཤུགས་དང་། འབོད་སྐུལ་ནུས་པ། གསར་གཏོད་ནུས་པ་བཅས་ཧ་ཅང་ཆེན་པོ་མངོན་བཞིན་ཡོད། ང་ཚོས་ཧྭ་བྱང་དང་བྱང་ཤར་དུ་ཆུ་ལོག་དང་ཞོད་སྐྱོན་བྱུང་བ་དང་། ཀན་སུའུ་དང་མཚོ་སྔོན་དུ་ས་ཡོམ་བརྒྱབ་པ། དེ་བཞིན་ཤིན་ཅང་དུ་ས་ཡོམ་བརྒྱབ་པ་སོགས་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བཅག་པ་དང་། ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་རིང་རང་རྒྱལ་གྱི་ལུས་རྩལ་པས་སླར་ཡང་གྲུབ་འབྲས་ཡག་པོ་བཏོད་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བྱེད་པའི་འབྲས་བུ་ཡིན་ལ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚུད་པའི་སྤྱི་ཚོགས་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་དང་ཐུན་མོང་འབད་འཐབ་བྱས་པའི་འབྲས་བུའང་ཡིན་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། “བློ་སྒྲིལ་སེམས་སྐྱེད་རྩ་བ་བརྟན་དུ་གཏོང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་གིས“ལྔ་གཅིག་འབོད་ཚིག”ཡོངས་བསྒྲགས་བྱས་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་གོ་སྐབས་དམ་འཛིན་གྱིས་ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་བྱས་ཏེ། ཏང་མང་མཉམ་ལས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། ཚང་མས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བར་ལས་དོན་འབོར་ཆེན་བསྒྲུབས་ཡོད། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་དང་། ཡར་སྐུལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་བླང་བྱ་ལག་བསྟར། དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མུ་མཐུད་སྲ་བརྟན་དང་ལེགས་སུ་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་རྒྱུན་མཐུད་གཏོང་བ། ཏན་ཏིག་དང་བརྟན་པོའི་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་ནན་ཏན་བླངས་ནས་བརྟག་དཔྱད་ཞིབ་འཇུག་དང་། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ། རང་ངོས་འཛུགས་སྐྱོང་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་3བཏོན་གནང་བ་སྟེ། གཅིག་ནས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོའི་སྲིད་ཏང་གི་ལམ་ལུགས་གསར་པ་མཐའ་འཁྱོངས་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཐུས་ཚང་ཡག་པོ་བཅས་ཡོང་བ་བྱེད་དགོས། སྲིད་ཏང་གི་གྲོས་མོལ་གྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། སྲིད་གླེང་ཇུས་འདོན་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། གོ་རིམ་ལྡན་པའི་ངང་དམངས་གཙོའི་ལྟ་སྐུལ་བྱེད་པ། ལེགས་ཆའི་ནུས་པ་ལྡན་པའི་ལས་སྟེགས་དང་གཞི་རྟེན་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ལས་ཕྱོད་ཆེ་རུ་གཏོང་དགོས། གཉིས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལ་དམིགས་ནས་མུ་མཐུད་བརྟག་ཞིབ་གཏིང་ཟབ་བྱས་ཏེ་དེ་བས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཐབས་འདོན་ཇུས་འབུལ་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣར་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ནས་ཐུན་མོང་ཐོག་ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་རྣམ་བཤད་དར་སྤེལ་གཏོང་དགོས། གསུམ་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ལས་འགན་ཨང་དང་པོ་ནི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་བྱེད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཡིན། སྤྱོད་གཙང་འཛུགས་སྐྱོང་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློའི་སྤྱོད་ཚུལ་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་སྟེ་འགན་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས།

(པ་སངས་དང་། སྤེན་ཚེ། ཚེ་ཁོ། བསོད་བདེ་གཞོན་པ་བཅས་ཀྱིས་སྒྱུར་ཞུས་བྱས)