《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月08日

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་དང་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་དང་ཁེན་ནི་ཡའི་ནེ་རོ་པི་རུ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུར་ཞུགས་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་གྱི་འཚམས་འདྲི་ཞུས་ལ། འབྲུག་ལོར་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

ཟླ་1ཚེས་31ཉིན་ཝི་ཨེན་ནར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་རྒྱ་ཡིག་མཐུན་ཚོགས་ཀྱིས་ཝི་ཨེན་ནའི་རྒྱལ་སྤྱིའི་ལྟེ་གནས་སུ་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་ཐུན་མོང་ཐོག་འཚོགས་ཤིང་། དེ་ནི་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་གནས་ཡུལ་དུ་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཐེངས་དང་པོ་རེད། ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁང་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་གཞུང་ཚབ་ཆེ་མོ་བ་ལི་སུང་དང་མཉམ་འབྲེལ་རྒྱལ་ཚོགས་ཝི་ཨེན་ནའི་དོན་གཅོད་ཁང་གི་སྤྱི་ཁྱབ་ཀན་ཧྲི་ཝ་ལི་སོགས་མི་700ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།

སྣེ་ལེན་ཚོགས་འདུའི་ཐོག་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ཀན་ཧྲི་ཀེ་ལུའོ་ཤིས་དང་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་མུའུ་ལེ་སོགས་ཀྱིས་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་གྱི་འཚམས་འདྲི་ཞུས་པ་རེད། ཝ་ལིས་ཤིས་ཚིག་སྒྲོན་སྐབས་ན་ནིང་ཀྲུང་གོར་འཚམས་འདྲིར་ཡོང་བའི་བརྒྱུད་རིམ་ལ་སྤྲོ་བ་ཆེན་པོས་ཕྱིར་དྲན་བྱས་ཤིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་རང་ཉིད་ལ་བག་ཆགས་ཟབ་མོ་བྱུང་། ཀྲུང་གོས་དབུལ་པོ་ཉུང་གཏོང་དང་། སློབ་གསོ་འཕེལ་རྒྱས། དེ་བཞིན་བཟོ་ལས་ཅན་བཅས་ཀྱི་ཆེད་དུ་འབད་བརྩོན་བྱས་པར་བསྔགས་བརྗོད་ཀྱང་ཞུ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་དེ་མི་སེམས་འགུལ་བ་ཞིག་འདུག འབྲུག་ལོར་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད།

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ནེ་རོ་པིའི་དོན་གཅོད་ཁང་དང་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་2024ལོའི་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲོའུ་ཕིང་ཅན་དང་མཉམ་འབྲེལ་རྒྱལ་ཚོགས་ནེ་རོ་པིའི་དོན་གཅོད་ཁང་གི་སྤྱི་ཁྱབ་ཀན་ཧྲི་ཀྲ་དབྱི་ནཱ་པུའུ·ཧ་ཝ·པན་ཀུའུ་ལཱ་སོགས་མི་200ལྷག་ཙམ་མཉམ་འཛོམས་བྱས་པ་རེད།

པན་ཀུའུ་ལ་ཡིས། འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངལ་གསོའི་དུས་ཚོད་ལ་བརྩི་ཐེངས་དང་པོ་རེད། ངས་ཁེན་ནི་ཡར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱིམ་ཚང་ཆེན་པོའི་ཚབ་ཞུས་ཏེ་འབྲུག་ལོར་མི་ཚང་མར་ཞི་བདེ་དང་། བདེ་ཐང་། དར་རྒྱས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། “དེ་ནི་ངས་མཉམ་འབྲེལ་རྒྱལ་ཚོགས་ནེ་རོ་པིའི་དོན་གཅོད་ཁང་དུ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ལ་ཉམས་ལེན་བྱེད་ཐེངས་དང་པོ་ཡིན། དངོས་འབྲེལ་ཡག་པོ་འདུག ཚང་མ་འབྲུག་ལོར་བཀྲ་ཤིས་ཁམས་བཟང་ཡོང་བ་ཤོག”ཅེས་བརྗོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་བདེ་གཞོན་པས་ཞུས)