“ཚོས་བརྒྱབ་ནས་ལག་འཚེམ་བརྒྱབ་ཟིན་པའི་ཁག་དང་པོའི་ཉིའུ་ཙའེ་གོས་ཐུང་500ལ་གཞོན་ནུས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་དབྱང་ཝུན་ལིས་ལག་ངར་སྟེང་གོས་ཐུང་སྔོན་པོ་ཞིག་བཞག་ནས་དགོད་འཚེར་འཚེར་ངང་ཐད་གཏོང་ཁང་ནས་དོན་ཡོང་།
དབྱང་ཝུན་ལི་ཡི་འཚེམ་འདྲུབ་འཁོར་ཁང་དེ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ནུབ་རྒྱུད་གྲོང་ཁྱེར་ཤིན་རེན་མེའོ་རིགས་ཤང་ཧྭ་ཝུའུ་གྲོང་ཚོར་བཙུགས་ཡོད། “དུས་ཆེན་རིང་གྲོང་གསེབ་ཡུལ་སྐོར་འཁྲུག་ཏུ་ཕྱིན་པས་འཚེམ་འདྲུབ་དར་སྲོལ་ཆེན་པོ་བྱུང་སྟེ་དྲ་ཕྱིར་ཡང་བྲིན་ཁ་རྒྱུག་པོ་འདུག”ཅེས་དབྱང་ཝུན་ལིས་བཤད།
དབྱང་ཝུན་ལི་ལོ་6ལ་སླེབས་སྐབས་ཨ་མ་དང་མཉམ་དུ་འཚེམ་འདྲུབ་སྦྱངས་པ་དང་ལོ་11ལ་སླེབས་སྐབས་རང་རྐྱ་འཕེར་ནས་མེའོ་རིགས་ཀྱི་རྒྱན་གོས་ཆ་ཚང་དང་པོ་དེ་བཙེམས། “2017ལོར་ངས་གླ་པ་རྒྱུག་ནས་བསགས་པའི་དངུལ་ཚང་མ་བཏོན་པའི་ཁར་དངུལ་བུན་གཡར་ནས་སྒོར་ཁྲི་23རི་བའི་ཉིས་བརྒྱུད་འཚེམ་འཁོར་ཞིག་ཉོས་པ་ཡིན། ཐོག་མའི་དུས་སུ་འཁོར་འཚེམ་ཐོན་རྫས་ལ་དོ་སྣང་བྱེད་མཁན་མང་པོ་མེད་པས་ངས་ལོ་གཉིས་ཙམ་མཐའ་འཁྱོངས་བྱས་མཐར་ཁྲོམ་ར་བཟུང་ཐུབ་ཙམ་བྱུང” 2019ལོར་དབྱང་ཝུན་ལིས་འཚེམ་འདྲུབ་འཁོར་ཁང་དེ་ཧྭ་ཝུའུ་གྲོང་ཚོར་བཙུགས་ནས་གྲོང་མིར“གོས་ཆེན་འཚེམ་པའི”ལམ་བུ་འཚོལ་ཞིབ་བྱེད་པར་སྐུལ་ཁྲིད་བྱས།
དབྱང་ཝུན་ལི་ཡིས་འཆར་འགོད་ནས་འགོ་བཙུགས་ཏེ་ཞིབ་སྤེལ་ཚོགས་པ་བཙུགས་པ་དང་ཁྲོམ་རའི་དགོས་མཁོར་བརྟག་ཞིབ་བྱས་ནས་འཚེམ་འདྲུབ་གྱོན་གོས་ཀྱི་རི་མོ་དང་བཟོ་ལྟ་གསར་གཏོད་བྱས་པ་མ་ཟད། ད་དུང་རིག་གནས་གསར་གཏོད་ཁྱབ་ཁོངས་ལ་དམིགས་ཏེ་རྒྱབ་ཁུག་དང་ཁ་དཀྲིས་སོགས་ཐོན་རྫས་བཟོས།
འཚེམ་འདྲུབ་བཟོ་རྩལ་གྱི་ཤུགས་རྐྱེན་རྒྱ་ཆེར་གཏོང་བར་ངེས་པར་དུ་བཟོ་གྲྭའི་གཞི་ཁྱོན་ཆེ་རུ་གཏོང་དགོས། ས་གནས་དེ་གའི་སྲིད་གཞུང་གིས་ཧྭ་ཝུའུ་གྲོང་ཚོར་བཟོ་གྲྭ་བཙུགས་ཏེ་མེ་ཏོག་འཚེམ་འདྲུབ་འཁོར་ལོ་དང་འཚེམ་འཁོར་ཉོས་ནས་དབྱང་ཝུན་ལི་སོགས་འཚེམ་འདྲུབ་མས་རིན་མེད་ངང་བེད་སྤྱོད་པར་མཁོ་འདོན་བྱས། གྲོང་ཚོས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་འཁོར་ཁང་དུ་ལས་མི་བསྡུ་རོགས་བྱས། 2023ལོར་དབྱང་ཝུན་ལི་ཡི་འཚེམ་འདྲུབ་འཁོར་ཁང་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་200ལྷག་ཙམ་ཟིན་ཏེ་མང་ཚོགས་40ལྷག་ཙམ་ལ་ལས་ཞུགས་ཐག་གཅོད་བྱས།
ད་ཆ་ཧྭ་ཝུའུ་གྲོང་ཚོའི་འཚེམ་འདྲུབ་ཁྱིམ་ཚང་བཟོ་ཁང་20ལྷག་ཙམ་ཟིན་ནས་འཚེམ་འདྲུབ་ཐོན་སྐྱེད་དང་། འགྲེམས་ཚོང་། ཞིབ་སློབ། ཡུལ་སྐོར་སོགས་ལས་རྣམ་སྣ་ཚོགས་དར་ཡོད།
འཚེམ་འདྲུབ་ཐོན་ལས་དེ་ལེ་ལག་ཚང་བའི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཀུའེ་ཀྲོའུ་ནུབ་རྒྱུད་གྲོང་ཁྱེར་གྱིས་གཞི་ཁྱོན་ཆེ་རུ་ཧུར་ཐག་གཏོང་བ་དང་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་ཡོད། “‘ཀོང་ཏུང་སྤྱི་ཁྱབ་པུའུ་དང་ཀུའེ་ཀྲོའུ་རྟེན་གཞི་ཟུང་དུ་སྦྲེལ་བ’དང་། ‘ཀོང་ཏུང་ཞིབ་སྤེལ་དང་ཀུའེ་ཀྲོའུ་བཟོ་སྐྲུན་ཟུང་དུ་སྦྲེལ་བ’ ‘ཀོང་ཏུང་ཁྲོམ་ར་དང་ཀུའེ་ཀྲོའུ་ཡི་ཐོན་རྫས་ཟུང་དུ་སྦྲེལ་བ’བཅས་ཀྱི་རྣམ་པ་གཞིར་བཟུང་ང་ཚོས་ཁེ་ལས་10བཅའ་སྡོད་བྱེད་རྒྱུའི་ཡིད་དབང་བཀུག་ཡོད། མིག་སྔར་མི་500ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་ཐུབ་ནས་རིམ་རྩིས་བྱས་ན་འཚེམ་འདྲུབ་ཀྱི་དར་སྲོལ་གྱོན་གོས་ཁྲི་200ལྷག་ཙམ་ཐོན་སྐྱེད་བྱས་པ་དེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་4000ཙམ་ཟིན་ཡོད”ཅེས་ཚོན་མདོག་སྣ་ལྔའི་ཀུའེ་ཀྲོའུ་རིག་གནས་ཐོན་ལས་མ་འཇོག་ཚོགས་པ་མེའོ་རིགས་འཚེམ་འདྲུབ་ཐོན་ལས་གླིང་གི་རྣམ་གྲངས་ཀྱི་འགན་འཁུར་བ་ཕུང་དབྱང་གིས་བཤད།
(བསྟན་བཟང་གིས་བསྒྱུར། བསོད་བདེ་དང་བསྟན་བཟང་གིས་ཞུས)