ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས《བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2026ལོ་བར)》བཀྲམ་ནས། ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་ལ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས་པའི་བཀོད་སྒྲིག་བྱས་པ་རེད།
ཇུས་གཞིའི་ནང་ཁྱོན་ཕྱོགས་བརྒྱད་ཐད་ཀྱི་ཞིབ་ཕྲའི་བྱ་ཐབས་20བཏོན་པ་དང་ཆབས་ཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་སྡེ་ཚན་ཁག་གི་སྣེ་ཁྲིད་དེ་བཟོས་པའི་སྡེ་ཚན་གྱི་ཡན་ལག་ཇུས་གཞི་31གཅིག་སྡུད་ཐོག་བཀྲམ་ནས“1+31”གི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་བྱ་སྤྱོད་ཀྱི་སྤྱིའི་སྒྲོམ་གཞི་ཞིག་ཆགས་པ་སྟེ། ལོ་གསུམ་གྱི་དུས་ཚོད་སྤྱད་ནས་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་འགན་འཁུར་བ་གཙོ་བོའི་བདེ་འཇགས་སློབ་གསོ་གསོ་སྦྱོང་བྱེད་པ་དང་། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྱི་ཚད་གཞི་གཏན་འཁེལ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་སྟབས་བསྟུན་གཙང་སེལ་བྱེད་པ། བདེ་འཇགས་ཚན་རྩལ་འདེགས་སྐྱོར་དང་ལས་གྲྭར་བཅོས་སྐྱོང་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ལས་དོན་མི་སྣའི་བདེ་འཇགས་བྱང་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་བ། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བདེ་འཇགས་དོ་དམ་མ་ལག་འཛུགས་པ། བདེ་འཇགས་ཐོན་སྐྱེད་ཐད་གནད་སྨིན་ཁྲིམས་སྒྱུར་དང་རོགས་སྐྱོར་བྱེད་པ། དམངས་ཡོངས་ཀྱི་བདེ་འཇགས་བྱང་ཚད་མཐོ་རུ་གཏོང་བ་བཅས“བྱ་སྤྱོད་ཆེན་པོ་བརྒྱད”གཏིང་ཟབ་སྤེལ་རྒྱུ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལ་རྒྱུན་འཁོར་ཧྲིལ་པོའི་གྲལ་བཤེར་བཅོས་སྒྲིག་བྱེད་པའི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་ལྟ་འདོམས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ། 2024ལོའི་ལོ་མཇུག་གོང་2023ལོ་དང་དེ་བཞིན་དེ་སྔ་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཚང་མ་གཞི་རྩའི་ཆ་ནས་སེལ་བ་དང་། 2025ལོའི་ལོ་མཇུག་གོང་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་མང་དུ་འགྲོ་བར་བཀག་འགོག་ནུས་ལྡན་བྱེད་པ། 2026ལོའི་ལོ་མཇུག་གོང་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་སྟབས་བསྟུན་གཙང་སེལ་གྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་གྲུབ་པ་བཅས་བྱ་རྒྱུ། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ལ་དམིགས་པའི“མིའི་འགོག་ཟོན་དང་། ལག་རྩལ་གྱི་འགོག་ཟོན། ལས་གྲྭའི་འགོག་ཟོན། དོ་དམ་གྱི་འགོག་ཟོན”བཅས་ཀྱི་བྱེད་ཐབས་ཁག་གཅིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་ངོ་བོའི་བདེ་འཇགས་ཀྱི་ཆུ་ཚད་དེ་བས་མཐོ་རུ་གཏོང་རྒྱུ་རེད།
ཇུས་གཞིར་གཞིགས་ན། ཞིང་ཆེན་རིམ་པའི་བདེ་འཇགས་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་མིའི་ཚན་པ་ཁག་དང་འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་ཆ་འཕྲིན་སྤྱི་བསྡོམས་དང་། སྟབས་བསྟུན་ཞིབ་དཔྱོད། དམར་འདོན་བརྡ་ཁྱབ། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ལས་དོན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས། སྔོན་རྩིས་ཚན་རིག་དང་མཐུན་པའི་ལུགས་མཐུན་གྱི་བཀོད་སྒྲིག་བྱས་ཏེ་ལས་འཛོལ་ཚབས་ཆེན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་བཅོས་སྒྲིག་མ་དངུལ་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལས་འགན་དང་བྱ་ཐབས་ཁག་ལ་འདེགས་སྐྱོར་འགན་ལེན་ཏན་ཏིག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བཟོ་བཅོས་རྒྱག་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས། རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་དེ་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་སྐོར་ཞིབ་ཀྱི་གཙོ་གནད་དུ་བརྩིས་ནས། དཔྱད་ཞིབ་སྐོར་ཞིབ་ཀྱི་བྱེད་སྟངས་དང་བྱ་ཐབས་ལེགས་སུ་གཏོང་བ་དང་། “བརྡ་ཁྱབ་མང་ཙམ་གཏོང་བ་དང་། སྐུལ་འདེད་ཡི་གེ་མང་ཙམ་སྤྲོད་པ། ལྐོག་ཞིབ་མང་ཙམ་བྱེད་པ”བཅས་བདེ་འཇགས་ལྟ་སྐུལ་གྱི་ཕུགས་ཕན་ལམ་སྲོལ་དུ་བརྩི་བ། འགན་འཁྲི་བདའ་འདེད་དང་ཕན་འབྲས་འདྲི་རྩད་ནན་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)