《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月07日

《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་དབྱིན་ཡིག་པར་གཞི་དང་དབྱིན་རྒྱ་ཤན་སྦྱར་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་དབྱིན་ཡིག་པར་གཞི་དང་དབྱིན་རྒྱ་ཤན་སྦྱར་པར་གཞི་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་བཀྲམ་པ་རེད།

《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་2012ལོའི་ཟླ་11པ་ནས་2023ལོའི་ཟླ་10པའི་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད། དཔེ་དེབ་ཆ་ཚང་ཆེད་དོན་ཁག་7ལ་དབྱེ་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོར་གསལ་འགྲེལ་གཏིང་ཟབ་གནང་ལུགས་བརྒྱུད་རིམ་ལྡན་པའི་ངང་མཚོན་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་དང་ཚད་བརྒལ་ཕྱོགས་ཡོངས་ནས་མངོན་ཡོད།

དཔེ་དེབ་འདིའི་དབྱིན་ཡིག་པར་གཞི་དང་དབྱིན་རྒྱ་ཤན་སྦྱར་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཆ་ཚང་བ་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གསར་པར་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་པ་དང་། མིའི་རིགས་ཀྱིས་བཏོད་པའི་ཤེས་དཔལ་གྱི་རྣམ་པ་གསར་པ། དེང་རབས་ཅན་གྱི་རྣམ་པ་གསར་པ་མངོན་པ་བཅས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པར་ཕན་པ་ཡོད་ཅིང་། དེ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་རབས་ཅན་གྱི་ལམ་བུར་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་གྱི་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)