ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་མུའུ་པུན་པ་ལ་གློག་འཕྲིན་བཏང་ནས་ཙུང་ཐུང་ཀེན་ཀོ་པུའུ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་མྱ་ངན་ཟབ་མོ་ཞུས་གནང་བ་དང་། ན་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་དང་དེ་བཞིན་ཙུང་ཐུང་ཀེན་ཀོ་པུའུ་ཡི་ནང་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཡང་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་ཙུང་ཐུང་ཀེན་ཀོ་པུའུ་ནི་ན་སྨི་པི་ཡའི་ཕུལ་བྱུང་འགོ་ཁྲིད་པ་ཞིག་རེད། སྐུ་འཚོ་བཞུགས་སྐབས་ཀྲུང་ན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་ན་དང་ཀྲུང་ཧྥེའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོང་སྐུ་གཤེགས་པ་ནི་ན་སྨི་པི་ཡའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་རེད་ལ། ཀྲུང་གོ་མི་དམངས་ལའང་གྲོགས་པོ་བཟང་པོ་ཞིག་མེད་པར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ན་སྨི་པི་ཡའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོར་གཅེས་སྤྲས་བྱས་ནས། ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
(ཉི་དོན་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)