《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月06日

འཕྲམ་སྡོམ་དོ་དམ་སྡེ་ཚན་གྱིས་ས་གནས་ཁག་ལ་དགུན་དཔྱིད་གཉིས་ཀྱི་རོཌ་སྐྱོབ་ལས་དོན་ཏན་ཏིག་སྤེལ་དགོས་པའི་བཀོད་སྒྲིག་བྱས་པ།

ཀྲུང་དབྱང་གི་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་དངུལ་དང་དངོས་པོ་ཚང་མ་དམིགས་སར་འབྱོར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། 2023ལོར་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པ་དང་། གནོད་འཚེ་སྣ་ཚོགས་ཀྱིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་སྣ་ཚོགས་བཟོས་ཡོད། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་སྔོན་ཚུད་ནས་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་བཀོད་སྒྲིག་བྱས་ཏེ་ནོར་སྲིད་སྡེ་ཚན་དང་མཉམ་དུ་2023ལོའི་ཟླ་12པར་ཞིང་ཆེན་26དང་ཤིན་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་ཀྲུང་དབྱང་གི་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་48.46བཀོད་སྒྲིག་དང་གཤམ་སྤྲོད་བྱས་ཡོད། རྒྱལ་ཁབ་འབྲུ་རིགས་གྲབས་གསོག་ཅུས་དང་མཉམ་དུ་སྲིང་བལ་སྟོད་ཐུང་དང་ཕོ་ཁེབས་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་37བཏང་ནས་ས་གནས་ཀྱི་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་དགུན་དཔྱིད་གཉིས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་ཡོང་བར་རྒྱབ་སྐྱོར་བྱས་ཡོད། དཔྱིད་གསར་དུས་ཆེན་གོང་དུ་ཀྲུང་དབྱང་གི་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་མ་དངུལ་ཚང་མ་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་ལག་ཏུ་འབྱོར་ཆེད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་རོགས་སྐྱོབ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་ཁག་10གཙོ་གནད་ཞིང་ཆེན་18ཀྱི་ས་གནས་ས་ཐོག་ལ་བརྟག་ཞིབ་མཛུབ་ཁྲིད་བྱེད་པར་མངགས་ཤིང་། ཟླ་1ཚེས་27ཉིན་བར། ཀྲུང་དབྱང་གི་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་དངུལ་དང་དངོས་པོ་ཚང་མ་དམིགས་སར་འབྱོར་བ་དང་། རིམ་རྩིས་བྱས་ན་གནོད་འཚེ་ཕོག་མཁན་མང་ཚོགས་ཁྲི་3080བདེ་འཇགས་དང་དྲོད་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་རོགས་རམ་བྱས་ཡོད།

དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་སྔར་བས་ནུས་ལྡན་ཡོང་བའི་འགན་ལེན་བྱ་ཆེད། ས་གནས་ཁག་གིས་ཚད་མཐོའི་བཀོད་སྒྲིག་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཅི་ལིན་དང་། སི་ཁྲོན། ཀུའེ་ཀྲོའུ་སོགས་ཞིང་ཆེན་18ལ་དུས་གཅིག་ཏུ་ཞིང་ཆེན་རིམ་པའི་རོགས་སྐྱོབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་3.12བཀོད་སྒྲིག་བྱས་པ་དང་། ཧོ་ནན་དང་། ཧུའུ་པེ། ཧུའུ་ནན་སོགས་ཞིང་ཆེན་14ལ་ད་དུང་ཞིང་ཆེན་རིམ་པའི་དྲོད་ལེན་གྱི་དངོས་ཟོག་དོ་པོ་ཁྲི་77.5གཏོང་འགྲེམས་བྱས་ནས་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་ལག་ཏུ་དུས་ཐོག་ཏུ་འབྱོར་བ་བྱས་ཡོད། དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་སྔར་བས་གནད་སྨིན་ཐུབ་པ་བྱ་ཆེད། ས་གནས་ཁག་གིས་སྔ་སྣུར་དུ་རེ་ཞུ་དང་། དཔྱད་མོལ། སྤྱི་བསྒྲགས་བཅས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བའི་ཁར་རོགས་སྐྱོབ་བྱ་ཡུལ་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་པ་མ་ཟད། ཀོང་ཤིས་དང་ཧུའུ་པེ་ཡིས་གྲངས་གཞི་ཆེ་མོའི་ལག་རྩལ་བེད་གང་ལེགས་སྤྱད་དེ་རིག་ནུས་ཅན་གྱི་གཙོ་གནད་ཞིབ་བཤེར་དང་བསྡུར་བ་བྱས་ཏེ་རོགས་སྐྱོབ་བྱ་ཡུལ་ཚད་དང་མཐུན་པ་དང་གནད་སྨིན་ཡོང་བའི་འགན་ལེན་བྱས་ཡོད། དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་ལ་སྔར་བས་དྲོ་སྐྱིད་ཚོར་བ་བྱ་ཆེད། ས་གནས་ཁག་གིས་སྲིད་ཇུས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་བྱ་ཐབས་གསར་པ་བཏོད་ཡོད། ཧྲན་ཤིས་དང་ནང་སོག་གིས“རྡོ་སོལ་གློག་ལ་བསྒྱུར་བའི”སྲིད་ཇུས་ཁྱབ་གདལ་ཧུར་ཐག་བཏང་བ་དང་འབྲེལ་གློག་རིན་གྱི་ཁ་གསབ་སྤྲད་ནས་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་དགུན་དུས་དྲོད་ལེན་གྱི་གནད་དོན་ཐག་གཅོད་བྱས་ཡོད། ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་གྲོང་ཁྱེར་གྱིས“གསལ་རྟོགས་གཱ”ཇུས་འགོད་བྱས་ནས་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱིས་རོགས་སྐྱོབ་སྲིད་ཇུས་དུས་ཐོག་ཏུ་ཤེས་པ་བྱས་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)