《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月06日

ས་གནས་ཁག་གིས་དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེ་སོགས་ཀྱི་གནས་ཚུལ་འོག་འཕྲལ་སྡོམ་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་གཞི་ཁྱོན་ཆེ་ལ་རྒྱུན་མཐུད་རང་བཞིན་གྱི་དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནམ་གཤིས་བསྟན་པ་དང་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོ་གཅིག་སྡུད་ཆེ་བས་དམངས་འཚོའི་ཚོང་ཟོག་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་པར་གནོན་ཤུགས་ཆེན་པོ་འཕྲད་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ས་གནས་ཁག་གིས་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་བྱས་རྗེས་ཧུར་ཐག་བཞག་པ་དང་། འབྲུ་སྣུམ་དང་། ཤ་ཚལ་སྒོང་གསུམ། འོ་མ། ཤིང་འབྲས་སོགས་ཚོང་ཟོག་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། དཔྱིད་གསར་དུས་ཆེན་གྱི་ཁྲོམ་ར་དང་རིན་གོང་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

ཧོ་ནན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་གངས་བབས་པར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབས་ནས། དམངས་འཚོའི་ཚོང་ཟོག་གཙོ་བོ་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད། ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་ཟླ་1ཚེས་31ཉིན་ནས་ཟླ་2ཚེས་4ཉིན་བར། སྒོ་ང་དང་སྔོ་ཚལ་འཕྲལ་སྡོམ་མཁོ་སྤྲོད་བྱེད་འགོ་བཙུགས་ཏེ། ཁྲོམ་རའི་ཆ་སྙོམས་རིན་གོང་ལས་10%ནས་20%བར་དམའ་བའི་ཐོག་ནས་སྒོ་རྩིས་ཚོང་ཁང་181ཏུ་སྒོ་ང་ཏུན་500ཡན་དང་སྔོ་ཚལ་ཏུན་4000ཡན་མཁོ་འདོན་བྱས་ནས། ཁྲོམ་རའི་རིན་གོང་བརྟན་པོ་རྒྱུན་འཁྱོངས་ཡོང་བར་ཁྲིད་སྟོན་བྱས་པ་རེད།

ཧོ་པེ་ཞིང་ཆེན་དང་ཨན་ཧུའེ་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་ལ་ལས་དོན་གྱི་དྲན་སྐུལ་ཡི་གེ་བཏང་ནས། ས་གནས་ཁག་གིས་ཁ་ཆར་འཁྱགས་བསྡམས་ཀྱི་གནམ་གཤིས་ལ་ཁ་གཏད་ཧུར་ཐག་གཅོག་པར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་པ་དང་། གཙོ་གནད་སྒོ་རྩིས་ཚོང་ཁང་དང་སྡེབ་ཚོང་ཁྲོམ་ར་སོགས་མཁོ་སྤྲོད་འགན་ལེན་གྱི་རྐང་འཛིན་ཁེ་ལས་ལ་སྔོན་ཚུད་ནས་ཟོག་ཁུངས་གྲ་སྒྲིག་དང་དངོས་ཟོག་གྲ་སྒྲིག་བྱེད་ཚད་མང་དུ་གཏོང་བའི་བཀོད་སྒྲིག་དང་ཁྲིད་སྟོན་བྱས་པ་མ་ཟད། ཁྲོམ་རའི་དུས་བབ་ལ་གཞིགས་ནས་སྲིད་གཞུང་གི་གྲབས་གསོག་འབྲུ་སྣུམ་དང་ཤ་ཚལ་དུས་ཐོག་ཏུ་སྤྲད་དེ། དམངས་འཚོའི་ཚོང་ཟོག་གཙོ་བོ་མཁོ་སྤྲོད་འདང་ངེས་དང་སྣ་ཁ་ཕུན་སུམ་ཚོགས་པོ་ཡོང་བའི་འགན་ལེན་བྱས་པ་རེད།

ཀུའེ་ཀྲོའུ་ཞིང་ཆེན་གྱི་འཕེལ་སྒྱུར་དང་། ཚོང་དོན། ཞིང་ལས་དང་གྲོང་གསེབ། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་གྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། ཉིན་ལྟར་དམངས་འཚོའི་ཚོང་ཟོག་གཙོ་བོའི་ཁྲོམ་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་རྨང་གཞིའི་ཐོག ས་གནས་དེ་གའི་སྔོ་ཚལ་དང་ཕག་ཤ་སོས་པ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲོམ་རའི་སྐོར་ཞིབ་དང་རིན་གོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྡེབ་ཚོང་དང་སིལ་ཚོང་ལྷུ་ཚིགས་ཀྱི་རྐང་འཛིན་ཁེ་ལས་ཀྱིས་ཚོང་ཟོག་མཛོད་ཉར་བྱེད་ཚད་མང་དུ་གཏོང་བར་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་གནམ་གཤིས་བསྟན་ཡང་སྐྱེལ་འདྲེན་ཤར་བགྲོད་འགན་ལེན་བྱེད་ཐབས་ཞིབ་འཇུག་བྱས་ནས། འཕྲལ་སྡོམ་སྔོན་ཇུས་ལག་བསྟར་གྱི་གྲ་སྒྲིག་ཡག་པོ་བྱས་ཏེ་དམངས་འཚོའི་ཚོང་ཟོག་གཙོ་བོའི་ཁྲོམ་རའི་འཁོར་རྒྱུག་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱས་པ་རེད།

ཧའེ་ནན་ཞིང་ཆེན་གྱིས་སྔོ་ཚལ་གླིང་ཕྲན་ཕྱིར་མཁོ་སྤྲོད་བྱེད་ཚད་ཅུང་མཐོ་བ་དང་དེ་བཞིན་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་བ་མང་དུ་འགྲོ་བ་དང་འཛད་སྤྱོད་བྱེད་མང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། རེས་སྐོར་འདིའི་ཁ་ཆར་འཁྱགས་བསྡམས་ཀྱི་གནམ་གཤིས་ཀྱིས་སྐྱེལ་འདྲེན་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་ཆེད་འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་ལག་བསྟར་བྱས་ནས་འབྲས་དང་། བཟའ་སྣུམ། སྔོ་ཚལ། ཕག་ཤ་སོགས་ཐོན་རྫས་གཙོ་བོ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཚོང་ཟོག་སྣ་ཚོགས་གླིང་ཕྲན་དུ་ནང་འདྲེན་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་དུས་ཆེན་རིང་གི་མཁོ་སྤྲོད་འགན་ལེན་ནུས་པ་ཆེ་རུ་བཏང་བ་རེད།

(མཚམས་གཅོད་ཀྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)