འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་31ཉིན། སྲོལ་རྒྱུན་གྱི་རླངས་འཁོར་རྒྱལ་ཁབ་ཆེ་གྲས་ཡིན་པའི་རི་པིན་གྱིས་2023ལོའི་རླངས་འཁོར་ཕྱིར་གཏོང་གི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག ཀྲུང་གོས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ་གཏན་འཁེལ་བྱུང་ཡོད། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། 2022ལོར་འཇར་མན་འཛམ་གླིང་གི་ཨང་གཉིས་པ་ཡིན་པ་ནས་བརྒལ་རྗེས་2023ལོར་རང་རྒྱལ་གྱིས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱུང་སྟེ། ལོ་ཧྲིལ་པོར་རླངས་འཁོར་ཁྲི་491ཕྱིར་གཏོང་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་57.9%འཕར་བ་དང་། རི་པིན་གྱིས་ཕྱིར་གཏོང་བྱེད་ཚད་རླངས་འཁོར་ཁྲི་442ཡིན་པ་ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
རླངས་འཁོར་ཕྱིར་གཏོང་ལོ་གཉིས་བྱས་ནས་སྐས་རིམ་གསུམ་འཛེགས་ཤིང་། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཧྥུའུ་པིང་ཧྥུང་གིས། ཀྲུང་གོས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཐོག་མར་རླངས་འཁོར་1ནས་ད་ལྟའི་ཁྲི་100བར་ཟིན་པར་ལོ་55སྤྱད་པ་དང་། 2012ལོར་རང་རྒྱལ་གྱིས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་100བརྒལ་རྗེས་ཀྱི་ལོ་8རིང་གི་ཕྱིར་གཏོང་ལོའི་གཞི་ཁྱོན་ཐོག་མཐའ་བར་གསུམ་དུ་ཁྲི་100ཡས་མས་རྒྱུན་འཁྱོངས་ཐུབ་ཡོད། 2021ལོར་རང་རྒྱལ་གྱིས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་200ལས་བརྒལ་བ་དང་། 2022ལོར་ཁྲི་300ལས་བརྒལ་བ། 2023ལོར་ཁྲི་500ཙམ་ཟིན་ནས“ལོ་གཉིས་ལ་སྐས་རིམ་གསུམ་འཛེགས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
(བསོད་བདེ་གཞོན་པས་བསྒྱུར། སྤེན་ཚེས་ཞུས)