ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་4ཉིན་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས“གཞུང་ཞབས་པ་ཡག་ཤོས”20དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་། མོང་ཨེ་མེ་སོགས་བློ་མཐུན་20“གཞུང་ཞབས་པ་ཡག་ཤོས”ལ་བདམས་པ་རེད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱ་ཆེའི་གཞུང་ཞབས་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་ལྕག་དང་སྐུལ་སློང་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཀར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་སྐུལ་བྱ་ཆེད། 2023ལོའི་ཟླ་9པར། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས“གཞུང་ཞབས་པ་ཡག་ཤོས”དྲིལ་བསྒྲགས་ཡོངས་བསྒྲགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་པ་དང་འབྲེལ། “གཞུང་ཞབས་པ་ཡག་ཤོས”ཀྱི་འོས་མི་འོས་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བརྡ་ཐོ་བཏང་ཡོད། འོས་སྦྱོར་འདེམས་སྒྲུག་བྱས་པ་བརྒྱུད། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས“གཞུང་ཞབས་པ་ཡག་ཤོས”20གཏན་འཁེལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དཔྱད་འདེམས་བྱས་པའི“གཞུང་ཞབས་པ་ཡག་ཤོས”20ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་དང་། འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པ། དངོས་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར། ལས་འགན་གལ་ཆེན་དང་འཐབ་རྩོད་གལ་ཆེན་ཁྲོད་སྡུག་ཐེག་པ་དང་། དཀའ་ངལ་འཁུར་ཐུབ་པ། འགན་ལྕི་འཁུར་ལེན། ཉེན་ཁ་སེལ་ཐུབ་པ། འགག་རྩའི་དུས་དང་ཉེན་ཁ་ཆེ་བའི་དུས་སུ་འཛེམ་བག་མེད་པར་མདུན་དུ་ཤོར་ཕོད་པ་དང་དཀའ་བར་མི་འཛེམ་པར་མདུན་སྐྱོད་བཅས་བྱས་ནས་བྱས་རྗེས་མངོན་གསལ་དོད་པོ་བཞག་པར་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ནས་དུས་རབས་གསར་པའི་གཞུང་ཞབས་པའི་ཉམས་འགྱུར་བཟང་པོ་མངོན་ཡོད་པ་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས་འབོད་སྐུལ་བྱས་དོན། རྒྱ་ཆེའི་གཞུང་ཞབས་པ་ཚོས“གཞུང་ཞབས་པ་ཡག་ཤོས”ལ་སློབ་སྦྱོང་བྱེད་པ་དང“གཞུང་ཞབས་པ་ཡག་ཤོས”མིག་དཔེར་བཟུང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལས་གནས་ལ་གཞི་ཚུགས་པ་དང་དམ་པ་དོན་གཉེར་བཅས་བྱས་ཏེ་དུས་རྒྱུན་དུ་མཐོང་རྒྱུ་ཡོད་པ་དང་། འགག་རྩའི་དུས་སུ་ལངས་ཐུབ་པ། ཉེན་ཁ་འཕྲད་སྐབས་བློས་གཏོང་ཕོད་པ་བཅས་བྱེད་དགོས། ས་གནས་ཀྱི་རིམ་ཁག་ཏང་ཨུད་རྩ་འཛུགས་དང་དྲིལ་བསྒྲགས་སྡེ་ཚན་གྱིས“གཞུང་ཞབས་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་གཞུང་ཞབས་པ་དང་། སྤྱི་ཚོགས། མང་ཚོགས་བཅས་ལ་ཁ་ཕྱོགས་ཏེ“གཞུང་ཞབས་པ་ཡག་ཤོས”ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་གཞུང་ཞབས་པར“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བར་སྐུལ་ལྕག་དང་ཁྲིད་སྟོན། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)