《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月05日

ཀུའེ་ཀྲོའུ་ཐུང་རེན་དུ“80ནང་སྐྱེས”ཀྱི་ལྕགས་ལམ་ཉེན་རྟོག་པས་གཞི་རིམ་དུ་ དཔྱིད་གསར་སྐྱེལ་འདྲེན་ལ་ཞབས་འདེགས་ལོ་20ཞུས་པ།

འདི་ནི་2024ལོའི་ཟླ་2ཚེས་3ཉིན་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཀུའེ་ཀྲོའུ་ཐུང་རེན་མེ་འཁོར་བབས་ཚུགས་ལྷོ་མར་ལུའུ་ཀྲེང་ཧྲུའེ(གཡོན་གྱི་གཉིས་པ)ཡིས་ལོ་ན་བགྲེས་པའི་འགྲུལ་པ་སྐྱོར་བཞིན་པ།

འདི་ག་ཚགས་པར་ཁང་དུ་ཀུའེ་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ལོ་42ལ་སླེབས་པའི་ལུའུ་ཀྲེང་ཧྲུའེ་ནི་ཁྲེང་ཏུའུ་ལྕགས་ལམ་སྤྱི་བདེ་ཅུས་ཀུའེ་དབྱང་སྤྱི་བདེ་ཁྲུའི་ཐུང་རེན་མེ་འཁོར་བབས་ཚུགས་ལྷོ་མའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དཀྱུས་མ་ཞིག་ཡིན་པ་དང་2021ལོའི་ཟླ་6པར་ལུའུ་ཀྲེང་ཧྲུའེ་ལྕགས་ལམ་འགྲུལ་སྐྱེལ་བབས་ཚུགས་དཀྱུས་མ་ནས་ཧྲང་ཧའེ་ནས་ཁུན་མིན་བར་གྱི་མྱུར་བགྲོད་ལྕགས་ལམ་ཀུའེ་ཀྲོའུ་ཐུང་རེན་མེ་འཁོར་བབས་ཚུགས་ལྷོ་མའི་མངགས་གཏོང་ཁང་དུ་ལས་ཀ་བསྒྱུར་བ་དང་། འདི་ལོ་ནི་ཁོང་གིས་གཞི་རིམ་མངགས་གཏོང་ཁང་དུ་དཔྱིད་གསར་སྐྱེལ་འདྲེན་ལ་ཞབས་འདེགས་ཞུ་བ་ཐེངས་ཉི་ཤུ་པ་དེ་ཡིན་པ་རེད།

དཔྱིད་གསར་སྐྱེལ་འདྲེན་རིང་ལུའུ་ཀྲེང་ཧྲུའེ་གནས་སའི་ཀུའེ་དབྱང་སྤྱི་བདེ་ཁྲུའི་ཐུང་རེན་མེ་འཁོར་བབས་ཚུགས་ལྷོ་མའི་མངགས་གཏོང་ཁང་གིས་ལས་ཆད་མེད་པར་ཞབས་འདེགས་ཞུས་ཤིང་། ལས་མི་ཉུང་བའི་དབང་གིས“ལྕགས་ལམ་ཉེན་རྟོག་པ་རྙིང་པ”ཞིག་ཡིན་པའི་ཁོང་གིས་དཔྱིད་གསར་སྐྱེལ་འདྲེན་རིང་ལྕགས་ལམ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཏེ་ཉིན་ལྟར་ཞོགས་པ་སྔ་པོ་ནས་ཉེན་རྟོག་པའི་གྱོན་གོས་ལེགས་པར་གྱོན་ཏེ་ལས་ཀར་ཞུགས་ཤིང་། ལས་གནས་ཐོག་མ་བསྐྱོད་གོང་གི་སྦྱོང་བརྡར་ལ་ཞུགས་པ་དང་། མེ་མདའ་ལེན་པ། ཡུལ་སྐོར་བའི་བློ་འདྲི་དང་ལེན། འགྲུལ་པར་རྡོག་ཁྲེས་དབོར་རོགས། འགྲུལ་པ་བདེ་འཇགས་ངང་མེ་འཁོར་ནང་འཛུལ་བར་ཁྲིད་སྟོན། མདོང་ལམ་དང་གློག་སྐུད་ཀྱི་བདེ་འཇགས་ལ་སྐོར་ཞིབ་སོགས་བྱེད་ཀྱི་ཡོད། ཁོང་གི་ངོས་ནས་བརྗོད་ན། “དཔྱིད་གསར་སྐྱེལ་འདྲེན”ནི་ཁྱིམ་ཚང་མང་པོ་མཉམ་འཛོམས་བྱེད་པའི་ལམ་བུ་ཞིག་ཡིན་པས། ལྕགས་ལམ་བདེ་འཇགས་དང་འགྲུལ་པའི་བདེ་འཇགས་ལ་འགན་ལེན་བྱེད་པ་ནི་འགན་འཁྲི་ཆེ་ཤོས་ཤིག་རེད།

“དཔྱིད་གསར་སྐྱེལ་འདྲེན་ལ་ཡུལ་སྐོར་བ་བགྲང་ལས་འདས་པ་ཕ་ཡུལ་དུ་ལོག་པའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པས། ང་ཚོ་གཞི་རིམ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚང་མས་ཉིན་ལྟར་ཛ་དྲག་ལ་ནན་ཏན་ངང་ལས་ཀ་བྱེད་ཀྱི་ཡོད་པ་དང་། རང་ཉིད་ཀྱི་ཧོལ་རྒྱུག་ལས་ལྕགས་ལམ་གྱི་བདེ་འཇགས་དང་འགྲུལ་པའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་དོགས་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད”ཅེས་ལུའུ་ཀྲེང་ཧྲུའེ་ཡིས་བརྗོད། ལྕགས་ལམ་ལམ་ཐིག་བགྲང་ལས་འདས་པའི་ཐོག་ལུའུ་ཀྲེང་ཧྲུའེ་ལྟ་བུའི་མི་དམངས་ཉེན་རྟོག་པ་དཀྱུས་མ་ད་དུང་མང་པོ་ཞིག་ཡོད་དེ། ཁོང་ཚོ་ཚང་མས་རང་འཁྲིའི་ལས་གནས་ཐོག་ལྕགས་ལམ་གྱི་བདེ་འཇགས་དང་འགྲུལ་པའི་བདེ་འཇགས་ཆེད་སྐད་གྲགས་མེད་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་འགྲུལ་པ་ཕ་ཡུལ་དུ་ལོག་པའི་ལམ་བུ་སྲུང་བཞིན་ཡོད།