《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月05日

སྤྱི་བདེ་པུའུ་ཡིས་ཁ་ཆར་འཁྱགས་བསྡམས་ཀྱི་གནམ་གཤིས་ངན་པར་དོགས་ཟོན་དང་ཁ་གཏད་གཅོག་པ་དང་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་གི་ལས་དོན་བཀོད་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། སྤྱི་བདེ་པུའུ་ཡིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁ་ཆར་འཁྱགས་བསྡམས་ཀྱི་གནམ་གཤིས་ངན་པར་དོགས་ཟོན་དང་ཁ་གཏད་གཅོག་པ་དང་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་གི་ལས་དོན་སྐོར་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་དང་ལས་འགན་དང་འགན་འཁྲི་ཆེ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། ཁ་ཆར་འཁྱགས་བསྡམས་ཀྱི་གནམ་གཤིས་ངན་པར་དོགས་ཟོན་དང་ཁ་གཏད་གཅོག་པ་དང་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཕྲ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག ད་ཐེངས་དབུས་རྒྱུད་དང་ཤར་རྒྱུད་ས་ཁུལ་མང་པོར་དྲོད་ཚད་མུ་མཐུད་ཆག་ནས་ཁྱབ་ཁྱོན་ཆེ་ཞིང་དུས་ཡུན་རིང་བ་དང་གནོད་འཚེའི་ཉེན་ཁ་ཆེ་བའི་གནམ་གཤིས་བསྟན་རྒྱུ་མ་ཟད། དེའི་རིང་དཔྱིད་གསར་དུས་ཆེན་འཁེལ་ནས་ཕྱིར་བསྐྱོད་མཁན་མང་བས། བདེ་འཇགས་དང་བརྟན་ལྷིང་གི་དུས་བབ་སྲུང་སྐྱོང་བྱ་རྒྱུ་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད། གནམ་གཤིས་ངན་པར་དོགས་ཟོན་དང་ཁ་གཏད་གཅོག་ཤུགས་སྔར་བས་ཆེ་རུ་བཏང་སྟེ་དོན་རྐྱེན་མ་ཐོན་སྔོན་འགོག་ལ་དམ་འཛིན་དང་། ཤར་བགྲོད་ལ་འགན་ལེན། དམངས་འཚོར་སྲུང་སྐྱོང་བཅས་བྱས་ཏེ་དཔྱིད་གསར་སྐྱེལ་འདྲེན་རིང་གི་བདེ་འཇགས་གོ་རིམ་ལྡན་པ་ཞིག་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནམ་གཤིས་ཀྱི་འགྱུར་ལྡོག་དང་གཞུང་ལམ་ཤར་གཏོང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་སྐབས་བསྟུན་བྱས་ནས་དུས་ཐོག་ཏུ་གངས་འཁྱགས་གཙང་སེལ་བྱས་ཏེ་སྤྱི་ཚོགས་ལ་ཉེན་ཟོན་སྔོན་བརྡ་གཏོང་བའི་དོ་དམ་བབ་བསྟུན་བྱས་ཚུལ་སྔ་ཙམ་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ཕྱིར་བསྐྱོད་རྒྱུ་བཀོད་སྒྲིག་ལུགས་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། ལམ་ངོས་ལ་སྐོར་ཞིབ་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་དམིགས་སའི་བྱ་ཐབས་སྤྱད་ནས་དོན་རྐྱེན་ཐོན་རྒྱུའི་ཉེན་ཁ་ཆུང་དུ་གཏོང་བ་དང་། ཉེན་རྟོག་རླངས་འཁོར་གྱིས་ལམ་གཤོང་བ་དང་། ཟོག་འདྲེན་རླངས་འཁོར་རྒྱ་མར་འདེགས་པ། རུ་བསྒྲིགས་ནས་ཤར་བགྲོད་སོགས་ཀྱི་བྱ་ཐབས་འོས་འཚམ་སྤྱད་དེ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཤར་བགྲོད་ཐུབ་པར་འགན་ལེན་བྱེད་དགོས། མྱུར་ཚད་ལས་བརྒལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཐག་གཅོད་ནན་པོ་བྱས་ནས་ཐོལ་བྱུང་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས། དཔྱིད་གསར་སྐྱེལ་འདྲེན་རིང་གི་བདེ་འཇགས་བཅོས་སྒྲིག་གི་སྒྲིག་ལམ་ལ་སྲུང་སྐྱོང་མུ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཞིབ་བཤེར་དང་། སྒྲིག་ལམ་ལ་སྲུང་སྐྱོང་། སྐོར་གཡེང་ལྟ་སྲུང་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་དམངས་ཕན་གྱི་ཞབས་འདེགས་ཧུར་ཐག་ཞུ་བ་དང་དཀའ་ངལ་སེལ་རྒྱུར་རོགས་རམ་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་སོར་ལུས་པའི་འགྲུལ་པ་བཀོད་སྒྲིག་འོས་འཚམ་བྱས་ནས་འགྲུལ་སྐྱེལ་སྒྲིག་ལམ་དང་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་བསྟན་ཡོད།

ཚོགས་འདུའི་ཐོག སྔོན་འགོག་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྔར་བས་ནན་དུ་བཏང་ནས། སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོར་མུ་མཐུད་སྲུང་སྐྱོང་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། “མངཌ་གཏོང་ཁང་གི་གཙོ་འགོག”ལ་བརྟེན་པ་དང་། “གྲོང་ཚོ(དྲ་མིག)རེར་ཉེན་རྟོག་པ་རེ”སོཌ་ཀྱི་ལམ་སྲོལ་གྱི་ནུས་པ་འདོན་པ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ཏེ་འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་ཐག་གཅོད་གཏིང་ཟབ་དང་། ཞིབ་ཚགས། ཡག་པོ་བཅས་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་ཀྱིས་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱས་ནས། འཁྲུག་ཆ་དོད་པའི་ཚོང་ལས་ཁུལ་དང་། ཚོང་ར་དང་སྨན་ཁང་། སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་སོགས་གཙོ་གནད་ཁུལ་དང་མི་འདུ་ཚོགས་ཆེ་བའི་ཁུལ་ལ་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་བདེ་དྲག་ཆས་ཉེན་རྟོག་པའི་མཉམ་འབྲེལ་དྲག་ཆས་སྐོར་གཡེང་སོགས“ལམ་སྲོལ་བཞི”དོན་འཁྱོལ་ནན་པོ་བྱས་ཏེ་ཉེན་རྟོག་པ་མཐོང་ཚད་དང་། ལས་སྒྲུབ་བྱེད་ཚད། ཟིལ་གྱིས་གནོན་ཤུགས། ཚོད་འཛིན་བྱེད་ནུས་བཅས་ཆེ་རུ་གཏོང་གང་ཐུབ་བྱེད་དགོས། དཔྱིད་གསར་དུས་ཆེན་གྱི་བདེ་འཇགས་ཆོས་ཉིད་ཀྱི་ཁྱད་ཆོས་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་། འཆལ་རྒྱན་དུག་གསུམ། བཟའ་བཅའ་དང་སྨན་རྫས་ཁོར་ཡུག འཕྲོག་བཅོམ་དང་ཁ་བསླུས་སོགས་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སྤ་སེ་རྫུན་མ་བཟོ་བ་དང་བར་ཚོང་རྒྱག་པ་དང་རླངས་འཁོར་དང་མེ་འཁོར་གྱི་སྤ་སེ་ལོག་ཚོང་རྒྱག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། པད་ཆོས་དང་པ་ཚེས་ཞུས)