《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月05日

2023ལོར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་10%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་ཚོང་དོན་པུའི་ཞབས་ཞུ་ཚོང་དོན་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། 2023ལོར་རང་རྒྱལ་གྱི་ཞབས་ཞུ་ཚོང་དོན་བརྟན་པོའི་ངང་འཕར་ནས་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལོ་ཧྲིལ་པོའི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་65754.3ཟིན་པ་དེ་དུས་མཚུངས་ལས་10%འཕར་བའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་26856.6ཟིན་ནས་5.8%ཆག་པ་དང་། ནང་འདྲེན་སྒོར་དུང་ཕྱུར་38897.7ཟིན་ནས་24.4%འཕར་བ། ཞབས་ཞུ་ཚོང་དོན་གྱི་གཏོང་ཉུང་འདྲེན་མང་གི་ཧེ་བག་སྒོར་དུང་ཕྱུར་12041.1ཟིན་ཡོད།

2023ལོར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་27193.7ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ཡོད། དེའི་ནང་། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་གི་དངུལ་འབོར་སྒོར་དུང་ཕྱུར་15435.2ཟིན་ནས་9%འཕར་བ་དང་། འཕར་ཚད་མགྱོགས་ཤོས་ཀྱི་ཁྱབ་ཁོངས་ནི་འགན་བཅོལ་ཞབས་ཞུ་ཡིན་པ་དང་། དེའི་འཕར་ཚད་67%ཟིན་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་11758.5ཟིན་ནས་7.8%འཕར་བ་དང་། འཕར་ཚད་མགྱོགས་ཤོས་ཁྱབ་ཁོངས་ནི་མི་སྒེར་དང་། རིག་གནས། རོལ་རྩེད་བཅས་ཀྱི་ཞབས་ཞུ་ཡིན་པ་དེའི་འཕར་ཚད་61.7%ཟིན་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཚོང་དོན་གྱི་དྲང་ཁྱད་སྒོར་དུང་ཕྱུར་3676.7ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་423.5མང་དུ་ཕྱིན་ཡོད།

ཡུལ་སྐོར་ཞབས་ཞུ་འཕར་མགྱོགས་ཤོས་ཡིན་ཞིང་། 2023ལོ་ནས་བཟུང་ཡུལ་སྐོར་ཞབས་ཞུ་མགྱོགས་མྱུར་འཕར་ནས་ལོ་ཧྲིལ་པོའི་ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་14856.2ཟིན་པ་དེ་དུས་མཚུངས་ལས་73.6%འཕར་ཡོད། དེའི་ནང་ཕྱིར་གཏོང་59.2%འཕར་བ་དང་། ནང་འདྲེན་74.7%འཕར་ཡོད།

(པ་ཕན་གྱིས་བསྒྱུར། རྡོ་རྗེ་དང་པ་ཕན་གྱིས་ཞུས)