《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月04日

ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་2ཉིན། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་རྟེན་འབྲེལ་ཞུ་བའི་འབྲུག་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་བ་རེད།

རྟེན་འབྲེལ་འཕྲིན་ཡིག་ནང་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་དཔྱིད་གསར་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

ཞི་ཅིན་ཕིང་གིས། 2023ལོ་ནི་ཀྲུང་ཝེའི་འབྲེལ་བའི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལོ་ཞིག་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཕྱོགས་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་ཡང་ཡང་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་མགྱོགས་སུ་གཏོང་བ། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་བྱེད་པ། སྲོལ་རྒྱུན་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་ལ་བརྟན་པ་བཅས་བྱུང་ཡོད། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བར་དྲན་གསོ་ཞུ་བའི་མཛའ་གྲོགས་ཀྱི་རྣམ་པ་ཟབ་མོའི་ཁྲོད། ཁ་ཆད་ལྟར་རང་ཉིད་ཝེ་ཐེ་ནམ་དུ་འཚམས་འདྲིར་སླེབས་ནས་དུས་རབས་གསར་པ་ཤར་ཚུན་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་རེས་སྐོར་གསུམ་པའི་ཕན་ཚུན་འཚམས་འདྲི་བྱེད་ཐུབ་སོང་། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ལྷན་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པ་དང་ལེའུ་གསར་པ་བརྩམས་པ་ལས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཐུན་སྒྲིལ་མཉམ་ལས་དང་འབད་འབུངས་མདུན་སྐྱོད་ཀྱི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་དང་ཆོད་སེམས་མངོན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ལོ་གསར་པ་འགོ་ཚུགས་ནས་རྣམ་པ་ཐམས་ཅད་གསར་པར་གྱུར། 2024ལོར་རྒྱང་ལྟ་བྱེད་སྐབས། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་འབྲེལ་གཏུག་དམ་ཟབ་བྱས་ནས་ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སེམས་ནུས་གཅིག་སྒྲིལ་དང་དོན་འཁྱོལ་དངོས་སྒྲུབ་ཀྱིས་ཐབས་ལམ་ཁག་དང་། རིམ་པ་ཁག ཁྱབ་ཁོངས་ཁག་བཅས་ཀྱི་སྤེལ་རེས་མཉམ་ལས་ཀྱི་ཆུ་ཚད་མཐོ་བའི་འཁོར་རྒྱུག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གསོན་ཉམས་དོད་པའི་ལག་ལེན་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་རེ་རེར་བརྟེན་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པའི་རྩ་བ་ཚུགས་ནས་འབྲས་བུ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་དེང་རབས་ཅན་གྱི་བྱ་གཞག་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དར་རྒྱས་གོང་འཕེལ་ལ་དྲང་ནུས་མཁོ་འདོན་བྱེད་པ། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། བསོད་བདེ་རྒན་པས་ཞུས)