འདི་ག་ཚགས་པར་ཁང་དུ་ཁུན་མིན་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ན་ནིང་ཡུན་ནན་གྱི་གཙང་པོ་དང་ཆུ་བོ་གཙོ་བོའི་ཆུའི་སྤུས་ཚད་དང་ཆུའི་སྐྱེ་ཁམས་སྐབས་བསྟུན་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་བཅོས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་ནས་བཟུང་ས་མཐོའི་མཚེའུ་ཆེན་པོ་དགུའི་ཆུའི་སྤུས་ཚད་བརྟན་ལ་ལེགས་ཕྱོགས་སུ་འཕེལ་བ་རེད།
མཚེའུ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་རིང་། ཡུན་ནན་གྱིས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་ངང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཕྱིར་སྤྲོད་དང་། ཉུང་གཏོང་། ལེགས་སྒྲིག བཅོས་སྐྱོང་། དོ་དམ”བཅས་ཀྱི་ལས་ཀའི་བྱ་ཐབས་ལག་ལེན་ཧུར་ཐག་བསྟར་ནས“ཚད་གཞི་གཉིས་དང་ཁུལ་གསུམ”གྱི་བར་མཐོངས་དོ་དམ་ཚོད་འཛིན་གྱི་དངོས་ཁམས་མཚོན་རྟགས་ཚང་མ་དོན་འཁྱོལ་བྱས་པས་ས་མཐོའི་མཚེའུ་ཆེན་པོ་དགུའི་ཆུའི་སྤུས་ཚད་བརྟན་ལ་ལེགས་ཕྱོགས་སུ་འཕེལ་བ་རེད། དབྱང་ཙུང་མཚོ་ཧྲིལ་པོའི་ཆ་སྙོམས་ཆུའི་སྤུས་ཚད་རིགས་Ⅱཟིན་ཏེ་ཉེ་བའི་ལོ་ཤས་རིང་གི་ཆུ་ཚད་ཡག་ཤོས་སུ་སླེབས་པ་དང་། ཁུན་མིན་མཚོའི་མཚོ་ཧྲིལ་པོའི་ཆུའི་སྤུས་ཚད་ལོ་6བསྟུད་མར་རིགས་Ⅳརྒྱུན་འཁྱོངས་ཐུབ་ཡོད། ཆུ་ལག་ཆེན་པོ་དྲུག་ས་ཁོངས་ཕྱིར་འབབ་པ་དང་ས་མཚམས་བརྒལ་བའི་བཅད་ངོས་གཙོ་བོའི་ཆུའི་སྤུས་ཚད་100%དང་ཞིང་ཆེན་དེ་ཡོངས་ཀྱི་ཆུའི་སྤུས་ཚད་རབ་འབྲིང་གི་བསྡུར་ཚད་94.1%ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། ཆུའི་སྤུས་ཚད་ཞན་པའི་Ⅴརིགས་ཀྱི་བཅད་ངོས་ཀྱི་གྲངས་ཚད་ལོ་རྒྱུས་ཀྱི་ཉུང་ཤོས་སུ་སླེབས་ཡོད་པ་རེད།
ཡུན་ནན་ཞིང་ཆེན་ཆུ་བེད་སྡེ་ཚན་གྱིས་ཆུ་འགོ་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་མཐོའི་མཚེའུ་ཆེན་པོ་དགུའི“བཅོས་སྐྱོང་གསུམ་དང་ལེགས་གཏོང་གཅིག”གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་སྣེ་ཁྲིད་ནས་བཟོས་ཏེ་ཁྱོན་མ་འཇོག་སྒོར་དུང་ཕྱུར་398.8བཏང་བའི་རྣམ་གྲངས་224ལག་ལེན་བསྟར་བར་མ་འཇོག་སྒོར་དུང་ཕྱུར་205བཏང་ཟིན། མིག་སྔར། རེས་སྐོར་གསར་པའི་ས་མཐོའི་མཚེའུ་ཆེན་པོ་དགུ་སྲུང་སྐྱོང་སྲོལ་ཡིག་བཟོ་བཅོས་རྒྱག་རྒྱུ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཡོད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)