འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་2024ལོའི་དུས་ཚིགས་དང་པོའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་དོམ་ཁྲའི་འཚོ་གནས་ཁུལ་ལ་སྲུང་སྐྱོང་ཐུབ་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་139ནས་སྤྱི་ཆིང་ཁྲི་258བར་ཆེ་རུ་སོང་ནས་དོམ་ཁྲའི་རི་སྐྱེས་ཁྱུ་ཚོགས་ཀྱི་བདེ་འཇགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་དོམ་ཁྲའི་རི་སྐྱེས་ཁྱུ་ཚོགས་ཀྱི་གྲངས་འབོར་དུས་རབས་གོང་མའི་ལོ་རབས་80པའི་ནང་གི་1100ལྷག་ཙམ་ནས་1900ཙམ་བར་མང་དུ་སོང་ཡོད། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་དོམ་ཁྲར་ཉེན་ཁ་འཕྲད་པའི་རིམ་པ་དེ“སྟོངས་ལ་ཉེ་བ”ནས“གྲངས་འབོར་ཧ་ཅང་ཉུང་བའི”བར་ལེགས་སྒྲིག་བྱས་ཡོད།
རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སིའི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཀྲང་གཡོད་ཀྱིས་ངོ་སྤྲོད་བྱས་དོན། དོམ་ཁྲ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། རང་རྒྱལ་གྱིས་སྔ་རྗེས་སུ་རྒྱལ་ཡོངས་རང་བཞིན་གྱི་དོམ་ཁྲའི་བརྟག་དཔྱད་ཐེངས་བཞི་བྱས་པའི་རྨང་གཞིའི་ཐོག་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། ཞིང་དོར་ནགས་བཟོ་དང་ཞིང་དོར་རྩྭ་བཟོ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་སོགས་ཀྱི་སྐྱེ་ཁམས་ཀྱི་འདུ་འགོད་གལ་ཆེན་ལག་བསྟར་ཤུགས་ཆེན་བྱས་ནས་དོམ་ཁྲའི་རི་སྐྱེས་ཁྱུ་ཚོགས་དང་གནས་ཡུལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད། 2021ལོའི་ཟླ་10པར་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོ་གྲུ་ཁྲི་2.2ལྷག་ཙམ་ཟིན་པ་དང་རི་སྐྱེས་དོམ་ཁྲ་72%ལྷག་ཙམ་ལ་སྲུང་སྐྱོང་ལེགས་པོ་ཐུབ་སྟེ་དོམ་ཁྲ་འཚོ་གནས་ཁུལ་གྱི་འབྲེལ་མཐུད་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཆ་ཚང་རང་བཞིན་བཅས་སྔར་བས་ལེགས་སུ་ཕྱིན་ནས་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་གནས་ཡུལ་སྲུང་སྐྱོང་གི་མ་ལག་ཅིག་གྲུབ་ཡོད་པ་རེད།
ཕྱི་རྒྱལ་དུ་ཡོད་པའི་དོམ་ཁྲ་ནི་ཀྲུང་གོ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་གྲོགས་ཀྱི་ཕོ་ཉ་ཡིན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཚན་རིག་ཁྱབ་སྤེལ་ཤེས་བྱ་བརྒྱུད་བསྒྲགས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་དམངས་ཀྱི་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། དམངས་ཁྲོད་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་ལ་དངོས་རིགས་གཙོ་བོའི་ཤུགས་རྐྱེན་དང་ནུས་པ་འདོན་སྤེལ་བྱས་ཡོད། རང་རྒྱལ་གྱིས་དུས་རབས་གོང་མའི་ལོ་རབས་90པ་ནས་དོམ་ཁྲའི་མཉམ་ལས་ཞིབ་འཇུག་སྤེལ་བ་ནས་བཟུང་། ད་ལྟའི་བར་དོམ་ཁྲའི་མངལ་41གི་དོམ་ཕྲུག་68སྐྱེ་འཕེལ་བདེ་བླག་བྱུང་ཡོད། མིག་སྔར་ཕྱི་རྒྱལ་དུ་ཁྱོན་དོམ་ཁྲ་56ཡོད་པ་རེད།
(པ་ཕན་གྱིས་བསྒྱུར། མཚམས་གཅོད་དང་པ་ཕན་གྱིས་ཞུས)