འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་དུས་ཚིགས་བཞི་པའི“ཀྲུང་གོའི་མི་བཟང་མིང་གྲལ”ཡོངས་བསྒྲགས་མཛད་སྒོ་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་ཉེ་འགྲམ་གྱི་མི་བཟང་གི་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་ཟླ་1ཚེས་31ཉིན་ཁྲུང་ཆིང་གྲོང་ཁྱེར་ཏ་ཙུའུ་ཆུས་སུ་སྤེལ་བ་རེད། ས་གནས་ཁག་གིས་འོས་སྦྱོར་དང་། དྲ་གྲོགས་ཀྱིས་མོས་བསྟོད་དཔྱད་གླེང་། རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་སོགས་ཀྱི་ལྷུ་ཚིགས་བརྒྱུད། གཞན་ཕན་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ལངས། ཁ་དན་ཚིག་གནས། ལས་བཀུར་ལེགས་སྐྱེས། རྒན་བཀུར་གཉེན་གཅེས་བཅས་བྱེད་མཁན་ཁྱོན་མི་152(ཚོགས་ཆུང་)ཉེ་འགྲམ་གྱི་མི་བཟང་གི་གཟི་བརྗིད་མིང་གྲལ་དུ་ཚུད་ཡོད།
མི་བཟང་གི་མིང་གྲལ་ནང་ལོ་བཞིར་སྤྱི་ལེ་ཁྲི་6ལྷག་ཙམ་བསྐྱོད་ནས་དཔའ་བོ་30ལྷག་ཙམ་གྱི་མཛད་རྗེས་སྐོར་བཅར་འདྲི་བྱས་ནས་བྲིས་ཏེ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་མི་རབས་ནས་མི་རབས་བར་དར་སྤེལ་གཏོང་མཁན་རྩོམ་པ་པོ་ཝང་དབྱིང་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
སྐོར་ཞིབ་ལམ་དུ་ཆུར་ལྷུངས་བའི་མི་བསྐྱབས་ཏེ་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་སྟེ་ཆུར་ལྷུང་མཁན་སྐྱོབ་མཁན་ལྕགས་ལམ་སྐོར་གཡེང་བ་ཀུའོ་ཙི་ཧུང་། ལོ་4ཡི་རིང་ནང་མི་ཡོངས་ཀྱི་ནུས་ཤུགས་ལ་བརྟེན་ནས་ཚེ་ལས་འདས་པའི་ཕྲུ་གུའི་བུ་ལོན་སྒོར་ཁྲི་90གཙང་འཇལ་བྱེད་མཁན་ལོ་བདུན་ཅུར་སླེབས་པའི་ཡའོ་ཤིས་ཐན། སྦྱོང་བརྡར་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་ཆེན་པོ་བྱས་ནས་གསེར་གྱི་རྟགས་མ་ཐེངས་མང་ལེན་མཁན་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་དབང་ཧྲུན། ཉམ་ཆུང་གི་ལག་གཉིས་ལ་བརྟེན་ནས་ཁྱིམ་མི་ཡོངས་སྐྱོང་མཁན“00ནང་སྐྱེས”ཀྱི་སློབ་ཆེན་སློབ་མ་ལིའུ་དབྱིང་ནཱ་སོགས་ཀྱིས་སྤྱིར་བཏང་གི་བྱ་བ་བསྒྲུབས་ནས་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་མཁན་མི་བཟང་ཚོས་རང་དཔེ་གཞན་སྟོན་གྱི་སྒོ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཟང་པོ་ལག་ལེན་བསྟར་ཡོད་ལ། རིག་གནས་ཀྱི་གདེང་ཚོད་བརྟན་པོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་མངོན་པར་བྱས་ཡོད།
(ཚེ་དབང་ལྷ་མོས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)