《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月02日

ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་གསར་དུ་བསྐོ་གཞག་བྱས་པའི་གཙོ་བདག་དབྱི་པུའུ་ལཱ་ཤིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་པུའུ་ལཱ་ཤིན·དབྱི་སི་ཀན་ཏར་གློག་འཕྲིན་བཏང་ནས་ཁོང་མ་ལེ་ཞི་ཡའི་གཙོ་བདག་ལ་བསྐོས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡ་ནི་རྒྱ་མཚོ་གཅིག་གིས་ཆོད་པའི་མཛའ་གཅུགས་ཁྱིམ་མཚེས་རྒྱལ་ཁབ་རེད་ལ། རྒྱལ་ཁབ་གཉིས་པོའི་མཛའ་གཅུགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། 1974ལོར་ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱས་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། 2023ལོར་ང་དང་ཙུང་ལི་ཨན་ཝར་དབར་ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཆར་གཞི་གསར་པ་བཀོད་ཡོད། 2024ལོ་ནི་ཀྲུང་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང“ཀྲུང་མའི་མཛའ་མཐུན་ལོ”ཡིན་པས། མ་ལེ་ཞི་ཡས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཀྱི་ལས་འགན་དང་དུ་བླངས་ནས་ཀྲུང་མའི་འབྲེལ་བ་འཕེལ་རྒྱས་ལ་གོ་སྐབས་གསར་པ་འཕྲད་རྒྱུ་རེད། ངས་གཙོ་བདག་དབྱི་པུའུ་ལཱ་ཤིན་དང་མཉམ་དུ་མཛའ་གྲོགས་ཀྱི་འགྲོ་འོང་བྱས་ནས་ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་པ་དང་ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། ཚེ་སྒྲོལ་དང་དཔའ་མོས་ཞུས)