《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月01日

བོད་ལྗོངས་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ།

2023ལོར་བསྐུར་མ་བསྐུར་ཚད་དུང་ཕྱུར་1.91ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གསར་འགོད་པར་2024ལོའི་བོད་ལྗོངས་ཡོངས་ཀྱི་སྦྲག་སྲིད་དོ་དམ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་ལྗོངས་སྦྲག་སྲིད་་ལས་རིགས་ཀྱི་བསྐུར་མ་བསྐུར་ཚད་དུང་ཕྱུར་1.91དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་10.14ཟིན་པ་དེ་དུས་མཚུངས་ལས་7.9%དང་36.33%སོ་སོར་འཕར་བའི་ཁྲོད་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་0.22དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་6.09སོ་སོར་ཟིན་པ་དེ་དུས་མཚུངས་ལས་79.78%དང་35.85%སོ་སོར་འཕར་བ་དང་། སྦྲག་བསྐུར་བསྐུར་མ་དུང་ཕྱུར་1.22ཟིན་པ་དེ་དུས་མཚུངས་ལས་147.1%འཕར་ཡོད།

བོད་ལྗོངས་སྦྲག་སྲིད་སྡེ་ཚན་གྱིས་སྦྲག་བསྐུར་མ་ལམ་འཛུགས་སྐྲུན་བྱེད་ཤུགས་དང་མཐའ་སྣེའི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ཞིང་། མིག་སྔའི་བར། བོད་ལྗོངས་ཡོངས་སུ་སྦྲག་སྲིད་ཡོངས་ཁྱབ་ཀྱི་ཞབས་ཞུའི་ལས་གཉེར་ས་ཚིགས་754དང་། གྲོང་ཚོའི་སྦྲག་སྲིད་ས་ཚིགས་4641 མྱུར་སྐྱེལ་ཞབས་ཞུའི་ས་ཚིགས་657བཅས་ཟིན་ནས་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཡོད། སྒྲིག་གཞི་ཚང་བའི་གྲོང་ཚོར་གཟའ་པ་སངས་ལ་བསྐུར་མ་ཐེངས་1425བསྐུར་བ་དེ་2022ལོ་དང་བསྡུར་ན་706མང་དུ་ཕྱིན་ཡོད། བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཛད་སྤྱོད་ལ་འདེགས་སྐྱོར་ཡོང་ཆེད་བོད་ལྗོངས་ཡོངས་ལ་ཁྱབ་ཅིང་མཐུན་སྒྲིལ་དང་བདེ་སྣང་ཚོར་ཐུབ་པའི་སྦྲག་བསྐུར་དྲ་བ་ཞིག་འཛུགས་ཐུབ་ཡོད།

མིག་སྔར། བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ལྔའི་གྲོང་གསེབ་ཀྱི་སྦྲག་བསྐུར་རླངས་འཁོར་ཅན་ལ་འགྱུར་ཚད་100%ཟིན་པ་དང་། བོད་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་སྦྲག་བསྐུར་རླངས་འཁོར་ཅན་ལ་འགྱུར་ཚད་80%ཟིན་ཏེ་བསྐུར་མ་འབྱོར་བའི་དུས་ཚད་ཉིན་1ནས་2བར་མགྱོགས་སུ་སོང་ནས་གྲོང་གསེབ་ཀྱི་འཁོར་རྒྱུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་སྔར་བས་མཐོ་རུ་ཕྱིན་ཡོད། གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་གིས“བོད་ཟོག་བོད་ནས་ཕྱིར་གཏོང་བར”ཕན་འབྲས་ཐོན་པར་རམ་འདེགས་བྱས་ནས་ལོ་ཧྲིལ་པོར་སྦྲག་བསྐུར་དང་མྱུར་སྐྱེལ་མཉམ་ལས་ཀྱིས་བསྐུར་མ་ཁྲི་205.21བཏང་བར་ཡོང་འབབ་སྒོར་ཁྲི་1612.70ཟིན་ཞིང་། བོད་ལྗོངས་ཡོངས་ཀྱིས་སྦྲག་ལས་དང་མྱུར་སྐྱེལ་དྲ་བར་བརྟེན་ནས་ཞིང་ལས་ཡུལ་ཟོག་བསྐུར་བར་རིན་ཐང་སྒོར་དུང་ཕྱུར་21.77ཟིན་ནས་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་ཞབས་འདེགས་ནུས་ལྡན་བྱས་ཡོད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)