《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月01日

གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཀྱི་ཤེས་ལྡན་པའི་དཔུང་ཁག་མགྱོགས་མྱུར་གསོ་སྐྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཀྱི་ཤེས་ལྡན་པའི་དཔུང་ཁག་མགྱོགས་མྱུར་གསོ་སྐྱོང་བྱ་ཆེད། 2022ལོར་ཞིང་ལས་གྲོང་གསེབ་པུས་ཀྲུང་དབྱང་རྩ་འཛུགས་པུའུ་དང་ནོར་སྲིད་པུའུ་དང་མཉམ་དུ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཀྱི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པའི“སྣེ་ཁྲིད”རྣམ་གྲངས་སྤེལ་འགོ་ཚུགས་ཡོད། ལོ་གཉིས་རིང“སྣེ་ཁྲིད”རྣམ་གྲངས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ལ་ཕྱོགས་ནས། རིམ་རྩིས་བྱས་ན་སློབ་མ་35800གསོ་སྐྱོང་བྱས་པ་དང་གསོ་སྐྱོང་སྒྲིག་གཞི་46གསོ་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་ཡོད། གསོ་སྐྱོང་བྱས་པ་བརྒྱུད་སློབ་མའི་འཇོན་ཐང་དང་བྱང་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ཞིང་འབྲེལ་ཞིང་ཁྲིད་ཀྱི་ནུས་པའང་ཆེ་རུ་ཕྱིན་ནས་ཐོག་མའི་ཕན་འབྲས་ཐོན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “སྣེ་ཁྲིད”སློབ་མའི་ཁྲོད་མི་གསུམ་2023ལོའི“རྒྱལ་ཡོངས་ཀྱི་ཞིང་པ་རྩེ་གྲ་བཅུར”བདམས་པ་དང་། ཧུའུ་པེ་ཞིང་ཆེན་གྱི“སྣེ་ཁྲིད”པ་6ཞིང་ཆེན་གྱི་ཞིང་པ་རྩེ་གྲ་བཅུར་བདམས་ཡོད། ཐེན་ཅིན་གྱི“སྣེ་ཁྲིད”སློབ་མའི་ཐོན་ལས་གཉེར་སྐྱོང་བྱེད་པོར་ཡོང་འབབ་སྒོར་དུང་ཕྱུར་0.74འཕར་བ་དང་ཞིང་འབྲེལ་ཞིང་ཁྲིད་ཀྱི་མི་འབོར་དུད་ཚང་3000ལྷག་ཙམ་འཕར་ཡོད། ཅི་ལིན་ཞིང་ཆེན་གྱི་2022ལོའི“སྣེ་ཁྲིད”སློབ་མའི་གཉེར་སྐྱོང་བྱེད་པོའི་ཆ་སྙོམས་ཐོན་རྫས་རིན་ཐང་སྒོར་ཁྲི་146.96འཕར་བ་དང་སློབ་མ་རེས་ཞིང་པ་56སྣེ་ཁྲིད་ཐུབ་ནས་ཞིང་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.12བྱུང་ཡོད།