འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས《རིག་དངོས་རིགས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོང་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། སྔོན་གཤེགས་དཔའ་བོར་གཟིགས་བཟོས་དང་གསར་བརྗེའི་རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་སྡེ་ཚན་གྱི་མཉམ་ཤུགས་གང་ལེགས་བཏོན་ནས། རིག་དངོས་རིགས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོང་དོ་དམ་གྱི་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།
《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ས་གནས་ཁག་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་རིག་དངོས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་དངོས་རིགས་ཀྱི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོང་གི་ད་ཡོད་གནས་ཚུལ་བརྟག་དཔྱད་ཞིབ་ཚགས་དང་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱེད་པ། སྔོན་གཤེགས་དཔའ་བོའི་ཤུལ་དངོས་དང་། ནང་མིའི་འཕྲིན་ཡིག ལོ་རྒྱུས་དཔྱད་ཡིག་སོགས་བསྡུ་རུབ་དང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་དང་ཟུང་འབྲེལ་བྱེད་པ། རིག་དངོས་རིགས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་གཏན་འཁེལ་གྱི་བརྒྱུད་རིམ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རིག་དངོས་རིགས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཀྱི་གྲངས་གཞིའི་མཛོད་སྤྱི་འདོམས་ངང་འཛུགས་དགོས།
《བརྡ་ཐོའི》ནང་ནན་བཤད་བྱས་དོན། ས་གནས་ཁག་གི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་དང་མཉམ་དུ་རིག་དངོས་རིགས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུན་ལྡན་གྱི་སྐོར་ཞིབ་བདག་སྐྱོང་ཁྲོད་རིག་དངོས་རིགས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་པ་དང་ཕྱག་བྲིས་རྡོ་རིང་ཡི་གེ་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ཚེ། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་འཕྲལ་དུ་རིག་དངོས་སྲིད་འཛིན་སྡེ་ཚན་དང་འབྲེལ་གཏུག་བྱས་ཏེ། སྲུང་སྐྱོང་ཉམས་གསོའི་ཇུས་གཞི་བཟོས་ནས་དུས་ཐོག་ཏུ་ཉམས་གསོའི་ལས་དོན་སྤེལ་དགོས།