ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་སྐྱེ་ཁམས་ཁོར་ཡུག་པུའི་ཕྱོགས་བསྡུས་སིའི་སི་ཀྲང་སུན་ཧྲའུ་ལེང་གིས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་བྱེད་པ་དེ་ཤུགས་རྒྱག་སར་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་མ་དཔེ་གཏོད་པར་རིམ་བཞིན་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།
ཁོང་གིས་སྐྱེ་ཁམས་ཁོར་ཡུག་པུས་ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་སྐད་ཆ་དེ་དག་བཤད་པ་རེད།
མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་ཡོད། དེ་ནི་མིག་སྔའི་དུས་མཚམས་སུ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་ཞིག་རེད། སུན་ཧྲའུ་ལེང་གིས་མི་རིང་བའི་གོང་བཀྲམ་པའི《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ནང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་འགྱུར་བ་ཕྱོགས་སྟོན་དུ་འཛིན་པའི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་ཅེས་བཤད་པ་རེད།
ཁོང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་དེ་ཁྱབ་ཁོངས་ཡོངས་སུ་ཕྱོགས་སྒྱུར་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ནུས་རྒྱུ་དང་། བཟོ་ལས། འགྲིམ་འགྲུལ་སྐྱེལ་འདྲེན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཞིང་ལས་སོགས་ཁྱབ་ཁོངས་ཡོངས་ཀྱི་ཕྱོགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་ཡོངས་ཀྱི་མཐོར་གཏོང་ཐད། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་བྱེད་པ་སྣེ་འདྲེན་དུ་བྱས་ནས་དུས་མཚམས་དང་ཁག་ཐེངས་དབྱེ་སྟེ་མཛེས་སྡུག་ལྡན་པའི་དགུང་སྔོན་དང་། མཛེས་སྡུག་ལྡན་པའི་མཚོ་མཚེའུ། མཛེས་སྡུག་ལྡན་པའི་མཚོ་ཁུག མཛེས་སྡུག་ལྡན་པའི་རི་ཀླུང་། མཛེས་སྡུག་ལྡན་པའི་གྲོང་ཁྱེར། མཛེས་སྡུག་ལྡན་པའི་གྲོང་གསེབ་སོགས་ཀྱི“མཛེས་སྡུག་གི་གཞི་རྒྱུ”མང་པོ་ཕྱོགས་ཡོངས་ནས་མཐོར་གཏོང་བྱེད་དགོས་པ། ས་ཁོངས་ཡོངས་ཀྱི་འཛུགས་སྐྲུན་ཐད། ནུབ་རྒྱུད་དང་། བྱང་ཤར། དབུས་རྒྱུད། ཤར་རྒྱུད་སོགས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ས་ཁོངས་ཡོངས་སུ་ཁྱབ་པར་ཡུལ་བབ་དང་བསྟུན་ནས་རིམ་བཞིན་སྐུལ་འདེད་གཏོང་དགོས་པ། སྤྱི་ཚོགས་ཡོངས་ཀྱི་བྱ་སྤྱོད་ཐད། གླིང་ཁུལ་དང་། ཁེ་ལས། སྡེ་ཁུལ། སློབ་གྲྭ་སོགས་གཞི་རིམ་ཚན་པར་ལྗང་མདོག་དང་། གཙང་མ། ཐཱན་མེད་བཅས་ཀྱི་སྣེ་ཁྲིད་བྱ་སྤྱོད་སྤེལ་རྒྱུའི་ལྕག་སྐུལ་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
སུན་ཧྲའུ་ལེང་གིས་མིག་སྔར་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ། དུས་མཚམས་ཤིག་ནང་ལག་ལེན་གྱི་དཔེ་སྟོན་མ་དཔེ་ཁག་གཅིག་ཆགས་པའི་བརྩོན་ལེན་དང་། དེ་རྗེས་མུ་མཐུད་ལག་བསྟར་དང་ཁག་བགོས་ངང་སྐུལ་འདེད། སྙིང་རུས་བརྟན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་བཅས་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་པུས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་གྱོད་དཔེ་མཚོན་པའི་ལས་སྟེགས་སྐྲུན་བཞིན་ཡོད་པ་མ་ཟད། ད་དུང་ལྕག་སྐུལ་བྱེད་ཐབས་ཆ་ཚང་ཞིག་བཟོས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་དངོས་སུ་མངོན་པར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
(བསོད་བདེ་གཞོན་པས་བསྒྱུར། སྤེན་ཚེས་ཞུས)