པོ་ལི་ཝེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཧྥེར་ནན་ཏེ·ཝ་ནཱ་ཁུ་ཉིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ལོ་200ཡི་རིང་ཨ་རིས“མོན་རོ་རིང་ལུགས”ཁྱབ་གདལ་གཏོང་རྒྱུ་གཏན་ནས་འདོར་མྱོང་མེད། ལ་ཏིང་མེ་གླིང་རྒྱལ་ཁབ་ཏུ“ལོ་རྒྱུས་རང་བཞིན་གྱི་གོད་ཆགས”ཐེངས་མང་བསླངས་ནས་ས་ཁུལ་དེའི་མི་དམངས་ལ་སྡུག་བསྔལ་དང་གནོད་འཚེ་བཟོས་ཡོད། མིག་སྔའི་འཛམ་གླིང་གི་ས་སྦྲེལ་ཆབ་སྲིད་ཀྱི་རྣམ་པ་ཡང་བསྐྱར་བཏོད་པ་དང་སྦྲགས། ལ་ཏིང་མེ་གླིང་གི་རྒྱལ་ཁབ་རྒྱུན་ཆད་མེད་པར་རྨོངས་གཉིད་ལས་སད་དེ། མཉམ་དུ་འབད་བརྩོན་ཆེན་པོས་ཨ་རིའི་བཙན་དབང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཁེ་གཉིས་ཕན་ཡོང་རེ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
ཝ་ནཱ་ཁུ་ཉིས། དུས་རབས་19པར་དམག་འཁྲུག་ལ་བརྟེན་ནས་མོ་ཞི་ཁོའི་མངའ་ཁོངས་ས་ཆ་མང་པོ་ཁྱུར་མིད་དུ་བཏང་བ་དང་དུས་རབས་20པའི་དུས་འགོར་དྲག་ཆས་ལ་བརྟེན་ནས་ནི་ཁ་ར་ཀྭར་ཐེ་ཇུས་ཐེངས་མང་བྱས་པ་ནས། 1961ལོར་ཁུ་པར་བཙན་འཛུལ་བྱེད་པའི་ཀྲུའུ་དབན་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱས་པ་དང་། དུས་རབས་20པའི་ལོ་རབས་70པར་ཆི་ལི་དང་། པོ་ལི་ཝེ་ཡ། ཨ་ཀེན་ཐིན་བཅས་ཀྱི་སྲིད་འགྱུར་ལ་རྒྱབ་སྐྱོར་བྱས་པ། 1983ལོར་ཀེ་རེན་ན་ཏར་བཙན་འཛུལ་དང་1989ལོར་ཕ་ན་མར་བཙན་འཛུལ་བྱས་པ་སོགས་བར་གྱི་ལོ་200ཡི་རིང་ཨ་རིས་ལ་ཏིང་མེ་གླིང་རྒྱལ་ཁབ་ལ་ཐེ་ཇུས་དང་ཐ་ན་དམག་འཁྲུག་བཙན་འཛུལ་གཏན་ནས་མཚམས་འཇོག་མྱོང་མེད་ཅེས་བརྗོད།
གཞན་ཡང་། ཨ་རིས་ལ་ཏིང་མེ་གླིང་རྒྱལ་ཁབ་ལ་བཙན་འགེལ་བྱས་པའི་བཙན་དབང་རིང་ལུགས་ཀྱི་བྱེད་སྤྱོད་ནི་དེ་བས་བརྗོད་ཀྱིས་མི་ལང་། ཡུན་རིང་ཕ་ན་མའི་མིས་བཟོས་གཙང་པོའི་ཚོད་འཛིན་བྱེད་དབང་བཟུང་ནས་ཁུ་པར་བསྟུད་མར་ལོ་60ལྷག་ཙམ་གྱི་དཔལ་འབྱོར་བཀག་སྡོམ་བྱས་པ་དང་ཝེ་ནེ་ཙུའེ་ལར“ཁྲིམས་དང་མ་མཐུན་ཞིང་། ཀུན་སྤྱོད་དང་ཡང་མ་མཐུན་པའི་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་པ”སོགས་བཙན་འགེལ་བྱས་ཡོད། ཝ་ནཱ་ཁུ་ཉིས་དེ་དག་ཚང་མ་ནི་ཨ་རིས་ལོ་མང་རིང་ལ་ཏིང་མེ་གླིང་ལ‘མོན་རོ་རིང་ལུགས’ལག་ལེན་བསྟར་བའི་མཚོན་ཚུལ་ཞིབ་ཕྲ་ཡིན་པས་ཧ་ལམ་མི་སེར་སྤེལ་བའི་རིང་ལུགས་གསར་པའི་ལོ་རྒྱུས་ནག་པོ་ཞིག་ཏུ་གྱུར་ཡོད་ཅེས་བཤད།
ལ་ཏིང་མེ་གླིང་ས་ཁུལ་དུ་ས་རྒྱ་ཆེ་ཞིང་གཏེར་ཁ་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་ཡོད། ཝ་ནཱ་ཁུ་ཉིས“མོན་རོ་རིང་ལུགས”ཀྱིས་དམངས་གཙོའི་འཕེལ་རིམ་ཚོད་འཛིན་བྱེད་ཐབས་ལ་བརྟེན་ནས་ཐོན་ཁུངས་དེ་དག་དབང་སྒྱུར་དང་འཕྲོག་པའི་རེ་ངན་བཅངས་པ་དེ་ནི་ལ་ཏིང་མེ་གླིང་གི་ས་ཁུལ་ཉམས་རྒུད་དུ་སོང་བའི་རྒྱུ་རྐྱེན་ཞིག་རེད། དེར་བརྟེན། ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་ངེས་པར་དུ་མངའ་ཁོངས་དང་ཐོན་ཁུངས་ཀྱི་བདག་དབང་སྲུང་སྐྱོང་བྱེད་པའི་ཕྱོགས་གསར་པ་ནས་ཨ་རིའི་བཙན་དབང་ལས་ཐར་བར་བྱེད་དགོས་ཞེས་བརྗོད།
ཁོང་གིས་ལ་ཏིང་མེ་གླིང་ས་ཁུལ་དུ་གོ་རྟོགས་གསར་པ་སད་བཞིན་ཡོད། “ལོ་200ཡི་རིང‘མོན་རོ་རིང་ལུགས’ལས་ལ་ཏིང་མེ་གླིང་ས་ཁུལ་ལ་ཕན་པ་གང་ཡང་ཐོབ་མེད་པ་ཚོར་ཡོད”པའི་ངོས་འཛིན་བྱས་ཤིང་། ཁོང་གིས་མིག་སྔའི་གོ་ལ་ཧྲིལ་པོའི་ས་སྦྲེལ་ཆབ་སྲིད་ཀྱི་རྣམ་པ་ཡང་བསྐྱར་བཏོད་པའི་རྒྱབ་ལྗོངས་འོག ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་བཙན་དབང་གི་དབང་སྒྱུར་ལས་ཐར་གང་ཐུབ་བྱེད་བཞིན་ཡོད་པ་དང་། ས་ཁུལ་གཞི་གཅིག་ཅན་ལ་ཤུགས་སྣོན་དང་གཉིས་ཁེ་གཉིས་ཕན་དམིགས་ཚད་དུ་བྱས་ནས་ཀྲུང་གོ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་དང་མཉམ་ལས་བྱེད་རེ་བྱེད་བཞིན་ཡོད་ཅེས་བརྗོད།
“གཉིས་ཁེ་གཉིས་ཕན”ནི་ལ་ཏིང་མེ་གླིང་མི་དམངས་ཀྱིས་དོན་གཉེར་བྱེད་པའི་འདུ་ཤེས་ཤིག་རེད། པོ་ལི་ཝེ་ཡ་དང་ཀྲུང་གོས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཉམས་མྱོང་ནས་དེ་ར་སྤྲོད་ཐུབ་ཡོད། རྒྱལ་ཁབ་མང་པོ་ཞིག་ལའང་དེའི་ཐད་ཀྱི་དྲང་ཕྱོགས་དཔེ་མཚོན་ཡོད་པའི་ཡིད་ཆེས་ཡོད་ཅེས་ཁོང་གིས་བརྗོད།
ཝ་ནཱ་ཁུ་ཉིས་པོ་ལི་ཝེ་ཡ་དང་ལ་ཏིང་མེ་གླིང་ས་ཁུལ་ཡོངས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་སྒུག་བྱེད་པ་དང་འབྲེལ། ལ་ཏིང་མེ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མྱུར་པོ་བཏང་ནས་ལ་ཏིང་མེ་གླིང་གི་མི་དམངས་ལ་དེ་ནས་ཕན་པ་འཐོབ་རེའང་བྱེད་ཀྱི་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཞི་ཁོ་ནས་གློག་འཕྲིན་འབྱོར་གསལ།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་པ་ཕན་གྱིས་ཞུས)