ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་། སོ་ཏི་ཨ་རབ་དང་། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱི་རན། ཨེ་ཙེ་ཨོ་ཕི་ཡ་བཅས་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མིར་གྱུར་ནས་འབོ་གསེར་ཁོངས་མིའི་རྒྱལ་ཁབ་ཀྱི་གྲངས་འབོར་5ནས་10བར་མང་དུ་ཕྱིན་ཡོད། དེའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཚེས་2ཉིན་དེ་ལས་འབོ་གསེར་མཉམ་ལས་ལ་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན་པ་གསལ་བཤད་གང་ལེགས་བྱས་ཡོད་ཅེས་བརྗོད་པ་རེད།
ང་ཚོས་འབོ་གསེར་མཉམ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་དབང་ཝུན་པིན་གྱིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་འབྲེལ་ཡོད་དྲི་བར་ལན་རྒྱག་སྐབས་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་གོང་བུ་འགྲིལ་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་དགེ་མཚན་ལྡན་པ་དང་། བརྟན་ལྷིང་། དགེ་བརྩོན་བཅས་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།
དབང་ཝུན་པིན་གྱིས་འབོ་གསེར་རྒྱལ་ཁབ་ཀྱིས་ཁོངས་མིའི་རྒྱལ་ཁབ་10བར་མང་དུ་ཕྱིན་པ་ལས། འབོ་གསེར་མཉམ་ལས་ལ་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན་པ་གང་ལེགས་མཚོན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་རེ་འདུན་ལྟར་ཁོངས་མིའི་རྒྱལ་ཁབ་མང་དུ་གཏོང་བའི་གཏན་འབེབས་བྱས་པ་ནི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་ཡོད་ལ། འཛམ་གླིང་སྣ་མང་ཅན་གྱི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་ཡང་མཐུན་ཡོད་ཅེས་བརྗོད་པ་རེད།
ང་ཚོས་འབོ་གསེར་རོགས་ཟླ་དང་ལག་གདང་སྦྲེལ་ནས“འབོ་གསེར་མཉམ་ལས་ཆེན་པོར”གྲུབ་འབྲས་གསར་པ་ཟམ་མི་ཆད་པར་འཐོབ་པར་སྐུལ་འདེད་གཏོང་གི་ཡིན་ཞེས་དབང་ཝུན་པིན་གྱིས་བརྗོད།